༄༅།། རིང་ན་མིག་མདུན་ན། ཉེ་ན་སེམས་གཏིང་ན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



   སྙིང་ཉེ། ཁོག་གི་སྙིང་དང་དཔྲལ་བའི་མིག་དང་འདྲ་བའི་སྙིང་ཉེ་ཞིག བརྩེ་ཞེན་གྱི་ལག་འཇུ་ཙམ་བྱེད་མ་མྱོང་ལ། དུངས་ཞེན་གྱི་ཁ་རླངས་ཙམ་ཡང་ཕོག་མེད་པའི་སྙིང་ཉེ་ཞིག ཞིབ་འདང་རེ་བརྒྱབ་ན། བརྩེ་དུང་ཞེས་པ་ནི་སྐྱེས་ཕོ་མོ་གཉིས་འདྲིས་ཤིང་གོམས་ནས་བར་ན་འབྲལ་ཐབས་མེད་པའི་ལྕགས་སྐུད་ལྟ་བུའི་དུང་ཞེན་ཞིག་གིས་སྦྲེལ་བ་ལ་ཟེར་བས། རང་ཉིད་གཅིག་པུས་ཁེར་རྐྱང་ངང་ནམ་ཡང་ཡིད་ཀྱིས་དྲན་ཞིང་མིག་གིས་འཚོས་རུང་། ཁོ་མོས་སྙིང་ཉེ་བའི་འོ་ཞིག་མེད་ལ། ཐ་ན་སེམས་གསོ་བའི་བརྩེ་འཛུམ་ཙམ་ཡང་སྟོན་མ་མྱོང་། རྒྱུ་མཚན་དེའི་དབང་གིས་སྙིང་ཉེ་ཞེས་བརྗོད་ན་ཆོག་གམ། རང་ཉིད་ལ་མཚོན་ན་རང་གིས་སྙིང་གི་ཉེ་སར་ནམ་ཡང་བཅུག་ཅིང་དྲན་པའི་གཏིང་སར་ཡལ་མེད་དུ་སྦས་ཡོད་པས། སྙིང་ཉེ་ཞེས་བརྗོད་ཆོག་ཆོག་ཡིན།
   སྙིང་ཉེ་ཡ། འུ་གཉིས་རྙིང་ཞེན་གྱི་བྲོ་བ་སྟུག་པོའི་སློབ་གྲྭ་ཞིག་ནས་ལྷན་དུ་འཛོམས། དུས་དེ་ནི་ཁྱེད་རང་སློབ་ཆུང་དང་ང་རང་དམའ་འབྲིང་གི་སློབ་མ་ཆུང་ཆུང་ཞིག དུས་ནམ་ཞིག་ནས་ཁྱེད་ལ་དགའ་ཞིང་དུངས་བ་མི་ཤེས་མོད། ཉིན་རེ་བཞིན་སློབ་ཁྲིད་ཐོག་ཁང་དེར་གཡས་སྐོར་བྱས་ནས་གྲུ་ཟུར་ནས་འབུད་ཐེངས་རེར། བདག་གིས་ཁྱེད་རང་མིག་གིས་འཚོས་ཤིང་དྲན་པའི་ཟབ་སར་སྦས། ཁྱེད་ཀྱི་མཛེས་སྡུག་གི་གཟུགས་རིས་མ་མཐོང་བའི་ཉིན་རེ་ཡོད་ན། མཚན་མོ་གཉིད་ཀྱང་མི་ཁུག་ལ་ཡིད་སེམས་སྐྱོ་སྡུག་གིས་མནར། ང་རང་ཁྱེད་ལ་དགའ་ཞིང་དུངས་པ་གཞི་ནས་ཚོར་བྱུང་། ཡིད་སེམས་འགུག་པའི་བརྩེ་འཕྲིན་རེ་འབྲི་མི་ཤེས་རུང་རང་ཉིད་ཀྱི་དགའ་བ་སྟོན་པའི་འཕྲིན་ཡིག་ཅིག་བྲིས། དེ་ནི་བདག་གིས་ཐོག་མར་ཁྱེད་ལ་བསྟན་པའི་བརྩེ་དུང་ཡིན་ལ། མི་ཚེ་ཧྲིལ་བོའི་ཆེས་ཐོག་མའི་བརྩེ་དུང་གི་དྭངས་ཆའང་ཡིན། འཕྲིན་ཡིག་དེ་ཁྱེད་ཀྱི་ལག་ཏུ་འབྱོར་ཡོད་མེད་མི་ཤེས་ལ། འཕྲིན་ལན་ནི་ཆུ་ནང་དུ་འཕངས་པའི་རྡོ་བཞིན་གར་སོང་ཆ་མེད་དུ་གྱུར། ད་ལྟ། འུ་གཉིས་ཆང་ཁ་དང་རྩེ་ཁ་ནས་འཛོམས་དུས་ཀྱང་དེའི་སྐོར་དྲི་བའི་སྤོབས་པ་མེད། ངོ་མ་འཕྲིན་ཡིག་དེ་ཁྱེད་ཀྱི་ལག་ཏུ་འབྱོར་ཡོད་དམ། སྙིང་ཉེ།
   དེ་ལྟར་བགྲང་བྱ་དུ་མ་འགོར་རྗེས། འུ་གཉིས་ཀྱི་རང་ཉིད་ཀྱི་ལམ་བུ་རེ་དེད་ནས། ང་ནི་བྱང་ཕྱོགས་དང་ཁྱོད་ནི་ལྷོ་ཕྱོགས་སུ་བསྐྱོད། དེ་ལྟར་ཕན་ཚུན་ལ་ལག་བརྡ་དང་བདེ་མོ་ཙམ་ཡང་མེད་པར་སོ་སོར་གྱེས་སོང། སློབ་གྲོགས་ཚོ་གྱེས་ཁར་དྲན་རྟེན་རེ་འབྲི་སྲོལ་རྒྱུག་ཆེ་མོད། འུ་གཉིས་བར་ལ་དེ་ཙམ་གྱི་དྲན་ཤིང་ཡང་མི་འདུག ངོ་མ་བཤད་ན། འུ་གཉིས་འཛིན་གྲྭ་གཅིག་གི་སློབ་གྲོགས་མིན་པས་ཡིན་ནམ། འུ་གཉིས་སློབ་གྲོགས་ཡིན་མིན་ཐད་ང་ལ་དུང་འབྲེལ་ཅི་ཡང་མེད་པ་འདྲ། ང་ལ་མཁོ་བ་ནི། གྱེས་ཁར་བརྩེ་འཛུམ་གྱི་ལག་བརྡ་རེ་དང་ངག་འཇམ་གྱི་བདེ་མོ་རེ་ཡིན། རང་ཉིད་གཅིག་པུས་ཁེར་རྐྱང་ངང་ཁྱེད་ལ་ལམ་འགྲོ་བདེ་ལེགས་དང་འཚོ་སྐྱིད་མཁས་འགྱུར་ཡོང་བར་སྨོན་ལམ་བཏབ་ཅིང། ལྷག་པར་དུ་ང་ལ་བརྩེ་བའི་མིག་ཞགས་རེ་འཕེན་པར་རེ་སྒུག་གི་མཆོད་བཤམས་ཐེངས་མང་བོར་བྱས། ཡིན་ནའང་ཁྱེད་ཀྱིས་ཅི་ཡང་ཚོར་མེད་པ་འདྲ་ལ། ཚོར་ཡང་མི་སྲིད།
    དེ་ལྟར་གྱེས་སོང་། མི་ལོ་བཞི་ལྔའི་རིང་། རང་ཉིད་ཀྱི་ཕུགས་འདུན་འཚོལ་སའི་སློབ་གླིང་རེ་ནས། རང་ཉིད་ལ་དབང་བའི་འཚོ་བ་རོལ་ཞིང་། རང་ཉིད་ལ་ཐོབ་པའི་བརྩེ་དུང་མྱངས། རང་ཉིད་ཀྱི་མདུན་ལམ་རེ་བས་སྙེགས། གྱེས་བྲལ་དང་དུས་ཚོད་ནི་བྱམས་དང་སྙིང་རྗེ་མེད་པའི་བདུད་འདྲེ་ཞིག་དང་འདྲ་ལ། བརྩེ་དུང་ལ་རྨ་ཁ་བཟོ་བའི་བར་ཆད་ཅིག་ཀྱང་ཡིན། ལོ་ངོ་འགའི་རྗེས། ཁྱེད་རང་ངའི་སྙིང་གི་ཉེ་ས་ནས་རྒྱང་དུ་བཀྱེད་ཅིང་། སེམས་ཀྱི་གཏིང་ས་ནས་ཡལ་བཞིན་འདུག དེ་དུས་བདེ་བ་ཞིག་ཐོབ་པ་ལྟར། ཁྱེད་རང་མིག་གིས་འཚོ་བའི་དཀའ་ལས་མྱོང་མི་དགོས་ལ། ཡིད་ཀྱིས་དྲན་པའི་མཚན་མོའི་གཉིད་ཀྱང་བཅགས་མི་དགོས། དེ་ལྟར། ཆུང་དུས་ནས་སྙིང་ཉེ་བའི་བུ་མོ་ཞིག་བརྗེད་ལ་ཁད། ཡལ་ལ་ཁད། བོར་ལ་ཁད།
    ཉིན་ཞིག རང་ཉིད་ལ་དབང་བའི་ལས་དོན་ཞིག་དང་རང་ཉིད་ཀྱི་ཁ་རྒྱབ་གསོ་བའི་ཆེད། ལུང་ཁུག་ཅིག་ནས་སླར་ཡང་ལྷན་དུ་འཛོམས་བྱུང་། ཁྱེད་རང་སྔར་བཞིན་མཛེས་ཤིང་སྡུག་ལ། ནར་སོན་པའི་ཉམས་ཤིག་ཀྱང་དོད་འདུག དེ་དུས། བདག་ལ་རང་ཉིད་དམ་དུ་བཏགས་པའི་བུད་མེད་ཅིག་མེད་པས། བརྩེ་དུང་གི་མེ་ལྕེ་སླར་ཡང་གསོས་བྱུང་། དེ་ནི་བསམ་གཞིག་དགུ་བརྩེགས་མའི་ཁྲོད་གསོས་པའི་བརྩེ་དུང་ཞིག་དང་། མི་ཚེ་གཅིག་ལ་མཁོ་བའི་གཏན་གྲོགས་ཤིག་ཏུ་འདོད་པས། སྔར་ལས་ཛ་དྲག་ཆེ་ལ། སྔར་ལས་གཏིང་ཟབ། སྔར་ལས་འདོད་ཧམ་ཆེ། གལ་ཏེ་རང་ཉིད་བོད་པའི་གསར་བུ་ཞིག་མིན་ན། ཁྱེད་ཀྱི་མདུན་སར་པུས་མོ་ས་ལ་བཙུགས་ནས་བརྩེ་དུང་ལ་འབོད་པའི་སྨྲེ་སྔགས་འདོན་ཆོག་ལ། ཉིན་མཚན་མེད་པར་ཁྱེད་ཀྱི་གཡས་དང་གཡོན་བསྐོར་ནས་ཚར་རྒྱུ་མེད་པའི་ཞུ་བ་བྱེད་ཆོག རང་ཉིད་ཀྱི་ངོ་ཚ་སྲུང་ཆེད་ལས་གྲོགས་ཤིག་བརྒྱུད་ནས་ཁྱེད་ལ་བདག་གི་འདོད་བློ་སྟོན་མྱོང་མོད། སྔར་གྱི་འཕྲིན་ཡིག་བཞིན་གར་སོང་ཆ་མེད་དུ་གྱུར། ཐ་ན་མི་འཐད་པའི་ཚིག་ལན་ཙམ་ཡང་སྟེར་མ་མྱོང་། རང་ཉིད་ཀྱི་ཆ་ནས། ཁང་མིག་ཆུང་ཆུང་དེར་དཀར་རྩི་བྱུག་ཅིང་། སྒེའུ་ཡོལ་གྱིས་བརྒྱན། བརྙན་འཕྲིན་ཆུང་ཆུང་ཞིག་ཀྱང་ཉོས་ནས་ཁྱིམ་ཚང་གི་ཚུལ་ཙམ་ཆགས་སུ་བཅུག་ནས། ཁྱེད་རང་འགུག་པའི་ལྕགས་ཀྱུ་ཞིག་ཨེ་ཡོང་སྙམ། ང་རང་གྲོགས་པོ་དེ་ཚོར་འགྲོགས་རྒྱུར་མི་དགའ་མོད། ཁྱེད་དང་ལྷན་དུ་འདྲིས་ཆེད་དགའ་ཁུལ་གྱིས་ལྷན་དུ་འགྲོགས་ཤིང་། མཉམ་དུ་བསྡད། མཉམ་དུ་རྩེད། གར་སོང་གར་བསྡད་གར་འཐུང་ས་ནས་ཁྱེད་ལ་བདག་གིས་ཉམས་རེ་བཞག་ཀྱང་། ཁྱེད་ལ་སྣང་དོགས་ཙམ་ཡང་མེད་པར་གྲོགས་པོ་དེ་ཚོ་དང་ལྷན་དུ་བགད་ཅིང་། མཉམ་དུ་གླེང་། ད་དུང་། ཁང་མིག་ཆུང་ཆུང་དེ་ནས་འུ་ཚོས་བརྙན་འཕྲིན་ལ་མཉམ་དུ་བལྟས་ཤིང་ལྷན་དུ་བགྲོས། ཡིན་ནའང་བདག་གིས་ཁྱེད་ལ་བཅངས་པའི་རེ་བ་དང་བརྩེ་དུང་གི་སྐོར་ཕྲན་ཙམ་གླེང་མ་མྱོང་། རྒྱུ་མཚན་ནི་རང་ཉིད་ལ་ཡིད་ཆེས་དང་སྤོབས་པ་མེད་པས་རེད།
    དེ་ལྟར་འུ་གཉིས་ཀྱི་བར་ཐག་སྨི་བརྒྱ་ཙམ་གྱིས་མི་ཆོད་པར་མཉམ་འགྲོས་མཉམ་གཤིབ་ཏུ་གནས་ཀྱང། སེམས་དང་སེམས་པའི་བར་ཐག་ཉེ་བར་སྟུང་མི་ཐུབ་དོན་ཅི། རྫུན་མ་བཤད་ན། ཁྱེད་ནི་བདག་གི་སེམས་ཀྱི་གཏིང་ས་དང་དྲོད་ས། སྐྱིད་སར་གནས་མོད། ཁྱེད་ཀྱི་སེམས་ན་བདག་གིས་གོ་གནས་ཇི་འདྲ་ཞིག་བཟུང་ཡོད་མེད་མི་ཤེས། ཐ་ན་གོ་གནས་ཙམ་ཡང་མེད་པ་འདྲ། བསམ་ཚུལ་དེ་འདྲ་ཞིག་ཡོད་ལ། ཡིད་ཆེས་དེ་ལྟར་མེད་པས་ཁྱེད་ལ་བདག་གི་འདོད་བློ་དང་དགའ་དུངས་གཏན་ནས་སྟོན་མ་ཐུབ། ཉིན་ཞིག ཁྱེད་ཀྱི་ལག་ཟུང་འཇམ་པོས་གསར་བུ་ཞིག་གི་ལག་པར་འཇུས་ནས། ལོངས་སྤྱོད་ཅིག་གི་སྤྲོ་འཛུམ་ངོམ་བཞིན་མི་ཚེ་གཅིག་གི་འཚོ་བ་སྙེགས་བཞིན་པ་མཐོང་དུས། ཁོ་བོའི་མགོ་ལ་མུན་པ་འཁོར་ཞིང་སེམས་རྩར་གྲི་ཡིས་བསྣུན། ཡི་ཐང་གཏན་ནས་ཆད་སོང་། 
འཇིག་རྟེན་འཁོར་བ། སྐྱེས་ཕོ་མོས་ཐུན་མོང་ངང་བསྐྱངས་ཤིང་ཐུན་མོང་ངང་འཛད་པ་ཞིག་ཡིན་པས། རང་ཉིད་ཀྱིས་ཀྱང་མི་ཚེ་གཅིག་གི་འཚོ་བ་དང་འཁོར་བ་ཞིག་སྐྱོང་ཆེད། བུད་མེད་ཅིག་དང་མཉམ་དུ་འགྲོགས་ཤིང་མཐར་གཉེན་ཡང་བསྒྲིགས་པ་ཡིན། ཞིབ་འདང་རེ་བརྒྱབ་ན། སྐབས་ལ་ལར་ཁྱིམ་གཞིས་གཅིག་གི་ལྷན་འཛོམས་ནི་ཕན་ཚུན་བརྩེ་ཞིང་དུངས་པའི་བརྩེ་དུང་རྐྱང་རྐྱང་ཞིག་གི་ཆེད་མིན་པར། འཚོ་བ་ཞིག་དང་འཁོར་བ་ཞིག་གི་མངོན་སུམ་དང་བདེན་ཐུབ་ཀྱི་མཁོ་འདོད་ཅིག་ཀྱང་ཡིན་པ་འདྲ། ཡིན་ནའང་ཁྱེད་རང་བདག་གི་མིག་ལམ་དུ་ཤར་ཐེངས་རེར། ཁྱེད་ལ་བཅངས་བའི་དུང་ཞེན་སྔར་བཞིན་རྔམ་པ་ཆེ་ཞིང་ཛ་དྲག་ཆེ། དེ་ནི་ནམ་ཡང་སེམས་ཀྱི་མྱོང་རོལ་ཅིག་ཡིན་པ་ལ། མངོན་སུམ་གྱི་ལོངས་སྤྱོད་ཅིག་ཏུ་འགྱུར་མི་ཐུབ་པ་ནི་འཇིག་རྟེན་གནས་ལུགས་ཀྱིས་དམ་དུ་བཏགས་བྱུང་། ཁྱེད་ཀྱི་བརྩེ་དུང་གི་ལམ་བུ་ནི་ཀྱག་ཀྱོག་ཆེ་ཞིང་བར་ཆད་ཀྱང་མང་བས། བདག་གིས་ཁྱེད་ཀྱི་བརྩེ་དུང་གི་གྱོང་གུད་མཐོང་ཐེངས་རེར། རང་ཉིད་ཀྱང་ད་དུང་ཁེར་རྐྱང་དུ་བསྡད་ཡོད་ན་སྙམ། རྒྱུ་མཚན་ནི་རང་ཉིད་ལ་བརྩེ་དུང་ཐད་ཀྱི་རེ་ཞུ་དང་རང་དབང་ཡོད་པས་ཡིན། འུ་གཉིས་ཆང་ཁ་དང་རྩེད་ཁ་ནས་ཐེངས་མང་བོར་འཕྲད་ཀྱང་། ཐ་ན་ཉིན་རེ་བཞིན་མཉམ་འགྲོས་མཉམ་གཤིབ་ཏུ་གནས། དེ་ནི་ལས་དབང་ཞིག་གིས་གནང་བའི་ལྷན་དུ་འཛོམས་སྟངས་གཞན་པ་ཞིག་ཡིན་པ་འདྲ། མིག་གི་ལོངས་སྤྱོད་དང་སེམས་ཀྱི་བདེ་སྐྱིད་ཅིག་ཏུ་འགྱུར་བཞིན་འདུག་པས། ཁྱེད་རང་ཐག་རིང་ན་བདག་གི་མིག་མདུན་ན། ཐག་ཉེ་ན་བདག་གི་སེམས་གཏིང་ན་ཞེས་བརྗོད་ཆོག་ཆོག་ཡིན། །   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1