༄༅། །གྱང་ངོས་ཀྱི་ཁོ་ཧྥེ།

རྩོམ་པ་པོ། ཝང་ཧུའུ་ཡོན། བསྒྱུར་པ་པོ། ཅོ་བྱང་སྐར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 08-17


ང་དང་གྲོགས་པོ་གཉིས་ལའོ་ཧྲན་ཅི་གྲོང་ཁྱེར་གྱི་ཁོ་ཧྥེ་འཐུང་ས་ཞིག་ནས་སོས་དལ་བག་ཕེབས་ཀྱི་ངང་ཁོ་ཧྥེ་འཐུང་ཞོར་ཁ་བརྡ་དང་ཁོར་ཡུག་དེའི་མི་བུ་དང་དངོས་པོ། ས་གནས་དེ་གའི་གོམས་གཤིས་སོགས་ལ་གཡེང་ནས་ཡོད་པའི་སྐབས་དེར། གཟུགས་རིང་ལ་ཅུང་ཟད་སྨུག་པོ་གདུང་གི་རྒྱུད་པ་དང་འདྲ་བའི་གསར་བུ་ཞིག་དལ་གྱིས་ནང་དུ་འཛུལ་བྱུང་། ཁོང་གིས་ཧ་ཅང་ཆ་རྒྱུས་ཡོད་པའི་སྒོ་ནས་ཐད་དཀར་ངེད་གཉིས་དང་ཐག་མི་རིང་བའི་འདུག་གནས་དེར་བསྡད། སྐབས་དེར་ཞབས་ཞུ་མཛེས་མ་དེས་ཀྱང་ངོ་ལ་འཛུམ་དང་གོམ་སྟབས་ཅུང་སྒེག་ཉམས་ཀྱི་ངང་ཨོང་ཤ་གཉིས་ཀ་གཡས་གཡོན་ཏུ་འཇོག་རེས་བྱས་སྟེ་ཕོ་སྐྱེས་དེའི་མདུན་དུ་ཐོན། ཁོས་ཞབས་ཞུ་བ་ལ་ཁོ་ཧྥེ་དཀར་ཡོལ་གཉིས་དང་གཅིག་གྱང་ངོས་སུ་སྦྱོར་ཅེས་བཤད། ཁོང་གི་ཁོ་ཧྥེ་འབོད་པའི་གནས་ཚུལ་འདི་མའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། ངེད་གཉིས་ཀྱིས་བློ་རིག་སྒྲིམ་ནས་བལྟས་པ་ན། ཞབས་ཞུ་བས་ཁོ་ཧྥེ་དཀར་ཡོལ་གཅིག་ཁྱེར་ཡོང་ནས་ཁོའི་མདུན་གྱི་ཅོག་ཙེའི་སྟེང་དུ་བཞག ངོས་ཁོ་ཧྥེ་དཀར་ཡོལ་གཅིག་འཐུང་རྗེས་དཀར་ཡོལ་གཉིས་ཀྱི་རིན་བྱིན་ཏེ་ཅུང་དལ་མོའི་སྒོ་ནས་ཁོ་ཧྥེ་ཁང་འདི་ནས་བུད་སོང་། ཁོང་སོང་རྗེས་སུ་ཞབས་ཞུ་བས་སྟེང་དུ་ཁོ་ཧྥེ་དཀར་ཡོལ་གཅིག་ཅེས་བྲིས་ཡོད་པའི་ཤོག་ལྷེ་གཅིག་ཁྱེར་ཡོང་ནས་གྱང་ངོས་སུ་སྦྱར། 

           ཉིན་འགའ་འགོར་རྗེས་དོན་དག་ག་གེ་གེ་མོ་ཞིག་གི་དབང་གིས་ཡང་བསྐྱར་ཁོ་ཧྥེ་ཁང་དེར་ཡོང་དགོས་བྱུང་སོང་། ངའི་རྗེས་ཏག་ཏག་ལ་མི་ཞིག་ཁོ་ཧྥེ་ཁང་ཏུ་སླེབས་བྱུང་། ཁོ་ཁང་བའི་གྲུ་ཟུར་གི་འདུག་གནས་དེར་སོང་ནས་ཞབས་ཞུ་བ་ལ་ཁོ་ཧྥེ་དཀར་ཡོལ་གཉིས་དང་གཅིག་གྱང་ངོས་སུ་སྦྱོར་ཅེས་བཤད། སྐབས་དེར་ང་ལ་ལྷག་ཏུ་ཁྱད་མཚར་གྱི་སྣང་བ་སྦྱིན། དེ་ལྟར་ཉིན་དེར་ཆེས་ཉུང་ན་ཡང་ཁོ་ཧྥེ་དཀར་ཡོལ་བཅུ་ལྷག་གྱང་ངོས་སུ་སྦྱར། ཡིན་ནཡང་དོན་དག་འགྲུབ་རྗེས་སེམས་པ་ཐེ་ཚོམ་གྱི་དྲ་རྒྱ་རུ་ཚུད་རུང་ཡང་བསྐྱར་རང་གི་ལས་གནས་སུ་ཕྱིན།

           གཟའ་མཇུག་གི་ཉིན་མོ་ཞིག་ལ། ངས་དོགས་གཞི་རུམ་གང་ཁྱེར་ནས་ཁོ་ཧྥེ་ཁང་ཏུ་སོང་། ཉིན་དེར་ངལ་གསོའི་ཉིན་མོ་ཡིན་རུང་མི་དེ་འདྲ་མང་པོ་མི་འདུག ངས་ཅུང་ཟད་གྲུ་ཟུར་ཞིག་སྟེ་གྱང་ངོས་ཀྱི་ཤོག་བུ་དེ་དང་ཞབས་ཞུ་བ་སོགས་གསལ་ལེར་མཐོང་སའི་གནས་ཤིག་བཙལ་ནས་བསྡད། ཏག་ཏག་ཉིན་གུང་ཙམ་སླེབས་རུང་གྱང་སུ་སྦྱར་མཁན་གྱི་མི་གཅིག་ཀྱང་མ་ཡོང་། ཕལ་ཆེར་དུས་ཚོད་གསུམ་དང་ཕྱེད་ལྷག་ཙམ་ཞིག་ལ་སྤྲང་བོ་ཞིག་ཁོ་ཧྥེ་ཁང་ཏུ་ཐོན་བྱུང་། ངའི་སེམས་སུ་ཞབས་ཞུ་བས་སྡུག་དམོད་བྱ་རྒྱུ་རེད་བསམ་པའི་སྐབས་དེར། ངབསམ་ཡུལ་འདས་པ་ཞིག་ལ་ཞབས་ཞུ་བས་འཛུམ་མདངས་གི་ངང་ནས་ཉིད་གང་ནས་འདུག་རྒྱུ་ཡིན་ཅེས་དྲིས་བྱུང་། སྤྲང་པོ་དེས་ཡང་རང་གི་འདུག་ས་སྐྱིད་པོ་ཞིག་བཙལ་རྗེས་ཁོ་ཧེ་དཀར་ཡོལ་གང་ཅེས་བཤད་བྱུང་། ཞབས་ཞུ་བས་འཛུམ་མདངས་དང་བཅས་ཁོ་ཧྥེ་ཁོང་གི་མདུན་དུ་བཞག་རྗེས་དལ་གྱིས་བུད་སོང་། སྤྲང་པོ་དེས་དལ་མོར་ཁོ་ཧྥེ་འཐུང་ཚར་རྗེས་ཞབས་ཞུ་བ་ལ་ལག་བརྡ་ཞིག་སྟོན་དེ་ཡར་ལངས་ནས་སྒོར་བུད་སོང་། ཞབས་ཞུ་བས་ཡང་ཧ་ཅང་གོམས་འདྲིས་སུ་སོང་བའི་ཚུལ་གྱིས་གྱང་ངོས་ནས་ཁོ་ཧྥེ་དཀར་ཡོལ་གང་ཅེས་དྲིས་ཡོད་པའི་ཤོག་ལྷེ་གཅིག་བླངས་ནས་གད་སྙིགས་སྒམ་སུ་གཡུགས།  

        འདི་ནི་ས་གནས་དེ་གའི་སྡོད་དམངས་ཀྱིས་སྤྲང་བོ་རྣམས་ལ་འཚོ་བའི་ཞོར་གྱི་བདེ་སྐྱིད་མཁོ་སྤྲོད་བྱས་པ་རེད། ས་གནས་དེ་གའི་མི་དམངས་རྣམས་ཀྱི་ཀུན་སྤྱོད་ལས་ངའི་མིག་ཟུང་མཆི་མང་གང་བར་བྱས། ཁོ་ཧྥེ་ནི་འཚོ་བར་མཁོ་བའི་རྨང་གཞིའི་བྱ་དངོས་མིན་ལ་འཚོ་བར་མཁོ་བའི་ཅ་ལག་ཡང་མིན། ཡིན་ནཡང་རང་ཉིད་ཀྱིས་ལོངས་སྤྱོད་བྱེད་པའི་དུས་མཚུངས་སུ་གཞན་སེམས་སུ་དྲན་པའི་ཀུན་སྤྱོད་འདི་ངོ་མ་ཧ་ལས་པའི་ཀུན་སྤྱོད་གཅིག་རེད། མི་སུ་ཡིན་རུང་གནས་གང་ཡིན་རུང་རང་གི་ངོ་སོ་དང་ལ་རྒྱ་བདག་བཟུང་བྱ་ཐུབ། འདི་ནི་དགའ་བ་དང་བརྩེ་བ་ཡོད་པའི་མཛེས་སྡུག་གི་འཇིག་རྟེན་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1