༄༅། །གླིང་རྗེ་སར་རྒྱལ་པོ་ངོ་སྤྲོད་མདོར་བསྡུས།

སྨིན་དབུས་པོ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། 08-17


    བོད་ཀྱི་རུས་ཚན་ཡེ་སྨོན་ལྡོང་གི་མི་རྒྱུད་ལས་ཆད་པའི་ལྡོང་གི་ར་ཁྲ་རྒན་པོ་ཟེར་བ་སོགས་ཇི་སྙེད་ཅིག་བྱུང་བའི་ནང་ཚན་ལྡོང་ཆོས་འཕེན་ནག་པོའི་སྲས་རྒྱུད། གླིང་ཆུང་རྒྱུད་སེང་བློན་རྒྱལ་པོ་དང་། ཡུམ་འགོག་བཟའ་ལྷ་མོ་ཟུང་གི་སྲས་སུ (སྤྱི་ལོ་1038) བོད་རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་པ་ས་ཕོ་སྟག་གི་ལོའི་[འཁྲུངས་པའི་ལོ་ཚིགས་ལ་མཁས་པ་སྔ་ཕྱིའི་བཞེད་ཚུལ་མི་མཐུན་པ་ཅུང་རེ་འདུག་ན་ཡང་།འདིར་སྔ་འགྱུར་ཆོས་འབྱུང་སོགས་ཡོངས་གྲགས་ཀྱི་ལུགས་ལྟར་དང་། འདས་ལོ་རླངས་ཀྱི་པོ་ཏི་བསེ་རུ་ལྟར་བྱས་པ་ཡིན།]རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ།བོད་མདོ་ཁམས་སྡེ་དགེའི་མཁའ་ཁོངས་ལྕི་སོས་ཡག་གི་ཁ་མདོར་བསམ་བཞིན་དུ་འགྲོ་དོན་ལ་སྐུ་འཁྲུངས། སྐུ་ན་ཆུང་དུས་མཚན་ལ་འགོག་མོའི་ལྷ་སྲས་ཇོ་རུ་འབོད་ཅིང་། བླ་མ་པདྨ་འབྱུང་གནས་ཀྱི་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་། རླངས་སྟོན་ཨ་མི་བྱང་ཆུབ་འདྲེ་བཀོལ་གྱིས་བྱིན་རླབས་ཚེ་དབང་གནང་། ལྷ་ཀླུ་གཉན་གསུམ་གྱིས་སྡོངས་གྲོགས་གཡེལ་མེད་དུ་བྱེད་པ་སོགས་བྲན་དུ་ཁས་བླངས། ཆུང་ནས་ལྷན་སྐྱེས་ཀྱི་ཚུལ་དུ་མངོན་ཤེས་རྫུ་འཕྲུལ་ལ་ཐོགས་པ་མེད་ལ། བརྟུལ་ཞུགས་ཀྱིས་སྤྱོད་པས་རྨ་རྫ་འབྲི་གསུམ་གྱི་མ་རུང་བའི་གཟུགས་ཅན་གཟུགས་མེད་དུ་མ་ཆམ་ལ་ཕབ། ཁུ་བོ་ཁྲོ་ཐུང་གིས་ངན་སེམས་བཅངས་པའི་སྣང་ཚུལ་ཙམ་ལ་བརྟེན། ཤར་རྨ་རྒྱལ་གངས་ཀྱི་རི་བོའི་གནས་འདབས་སུ་ཕེབས་ནས་རྨ་ལུང་སེང་ཆེན་ཁོག་པ་བདག་ཏུ་བཟུང་། ཁུ་བོ་སྤྱི་དཔོན་དང་ཕུ་བོ་ཞལ་དཀར། བློན་འདན་མ་སོགས་དང་མཉམ་དུ་དཔའ་ཕོ་རྩལ་ལ་སྦྱང་བ་མཐར་སོན་མཛད།  

    ཚ་རོང་གནམ་ལྷ་དང་། ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོ་སོགས་ཆམ་ལ་ཕབ་ཅིང་དཔའ་ཕོ་རྩལ་ལ་རང་བྱན་ཚུད། སྔོན་སྨོན་དུས་སུ་བབས་ཏེ་གླིང་ཚོ་ཆེན་ལྷ་སྡེ་དཀར་པོའི་མངའ་ཁོངས་རྨ་ཡུལ་སྟོད་སྨད་བར་གསུམ་དུ་རྒྱ་བསྐྱེད། གླིང་གི་ཕུ་ནུ་ཚོགས་པས་གླིང་སྡེའི་སྤྱི་ནོར་དང་རྒྱལ་སྲིད་བདག་པའི་ཐོབ་ཐང་སོགས་རྟ་འདོ་བའི་བང་རྒྱན་ལ་འཇོག་པའི་གྲོས་ཆོད་འོག  སྤྲུལ་བའི་ལྷ་རྟ་རྐྱང་རྒོད་འཕེལ་བོའི་བང་རྩལ་གྱི་རྣམ་པས་གླིང་ཚོ་ཆེན་ལྷ་སྡེ་དཀར་པོའི་རྒྱལ་ཐབས་གསེར་ཁྲི་ལ་མངའ་དབང་མཛད།མཚན་ལ་གླིང་རྗེ་གེ་སར་རྒྱལ་པོ་དང་། འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་སོགས་སུ་གྲགས། 

    རྨ་ཤེལ་བྲག་གོང་འོག་གི་གཏེར་སྒོ་ཕྱེས་ཤིང་ཆོས་གཏེར་དང་རྫས་གཏེར་དུ་མ་གླིང་དཀར་པོའི་སྤྱི་ནོར་ལ་བླངས།རླངས་ཨ་མི་བྱང་ཆུབ་དང་། པཎ་ཆེན་སྨྲི་ཏི་སོགས་སྐབས་དེའི་བོད་ཀྱི་སྐྱེས་ཆེན་དུ་མ་སྔ་རྗེས་སུ་གླིང་ཡུལ་ལ་གདན་དྲངས་ནས་ཆོས་ཞུས། བོད་སིལ་འཐོར་གྱི་དུས་སྐབས་བེད་སྤྱད་དེ་ངོ་ལོག་ནག་སྤྱོད་དང་དུ་ལེན་མཁན་གྱི་གཙོ་བོ་བྱང་ངམ་རིང་གི་མི་བསྲིན་སྡིག་པ་ཅན་བདུད་ཀླུ་བཙན་དང་། ཧོར་གྱི་མི་དཔོན་གུར་དཀར་སེར།འཇང་ས་དམ་རྒྱལ་པོ། མོན་ཤིང་ཁྲི་རྒྱལ་པོ། མི་ཉག་མི་ཆེན་སོགས་ཁོར་ཡུག་གི་མ་རུང་ནག་པོའི་ཕྱོགས་འཛིན་པ་རྣམས་རིམ་བཞིན་དྲག་པོ་མངོན་སྤྱོད་ཀྱིས་ཚར་བཅད། བྱང་གི་ཨ་སྟག་ཀླུ་མོ་དང་། ཧོར་ཤན་པ་རྨེ་རུ། འཇང་གི་གཡུ་ལྷ་དང་གཡུ་ཁྲི། མོན་དུང་སྐྱོང་སོགས་ལ་མནའ་འབྲེལ་བཙུགས་ཏེ་འཁོར་དུ་བསྡུས་ཤིང་། སྒང་ཨ་གྲགས་དང་། བྱང་གྲུ་གུ། ཤར་སྟོང་ཁུན་སོགས་ཀྱི་ཚོ་ཁག་དུ་མ་ལ་ཡང་གཡུལ་བཤམས་ཏེ་ཚར་བཅད་དབང་བསྡུད་ཀྱི་ལས་དུ་མས་དཀར་ཕྱོགས་དགེ་བའི་ལམ་ལ་བཀོད་ཅིང་། ཕྱོགས་ཀྱི་ནོར་སྣ་མང་པོ་གླིང་ལ་དྲངས་པ་སོགས་བོད་ཡུལ་ཕལ་མོ་ཆེ་ལ་ལུང་འབེབས་ཐུབ་པའི་ཚད་ཅིག་བྱུང་བ་དང་། སྐུ་ཚེའི་སྨད་ལ་ཁོར་ཡུག་བདེ་འཇགས་བྱུང་བའི་གོ་སྐབས་དང་བསྟུན་གླིང་གི་སྲིད་དབང་སྐུ་ཚ་དགྲ་བླ་རྩེ་རྒྱལ་ལ་གཏད་དེ།རྨ་སེང་ལུའི་སྒོམ་ཁང་དང་། བལ་ཡུལ་ཨ་སུ་རའི་བྲག་ཕུག གཞན་ཨོ་རྒྱན་གྱི་ཡུལ་དང་ཟངས་མདོག་དཔལ་རི།རྒྱ་ནག་རི་བོ་རྩེ་ལྔ་སོགས་ས་སྤྱོད་དང་མཁའ་སྤྱོད་ཀྱི་གནས་མང་པོར་རྫུ་འཕྲུལ་གྱིས་ཕེབས་ཏེ། དམ་ཆོས་རྫོགས་པ་ཆེན་པོ་ལ་ཉམས་ལེན་སྦྱང་བ་མཐར་ཕྱིན་པར་གནང་བའི་རྗེས། སྔོན་ཁོང་གི་ཐུན་མིན་གྱི་རྩ་བའི་བླ་མ་རླངས་ཀྱི་གྲུབ་ཐོབ་ཨ་མི་བྱང་ཆུབ་མཆོག་གིས།ཁྱོད་འཆི་བའི་དུས་ལ་བབ་པ་ལ།། རང་རེས་འབད་ཀྱང་ག་ལ་བརྟེན།། བདུད་ཀྱི་བར་ཆད་མི་འབྱུང་བ།། རྣལ་འབྱོར་བདག་གིས་སྲུང་མ་བྱེད།།ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར།། སྐྱེས་བུ་ཁྱོད་ཀྱི་ཚེ་ཚད་ཡིན།། ཞེས་འཁྲུལ་མེད་ཀྱི་ལུང་བསྟན་ཚུལ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཀུན་གྱི་ཆེས་སྔ་ཤོས་རླངས་ཀྱི་པོ་ཏི་བསེ་རུ་གསལ་བ་ལྟར། མཐར་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་སྟེང་གཟུགས་སྐུའི་རགས་པ་བསྡུས་ཤིང་། ཤར་རྨ་རྒྱལ་བདེ་མཆོག་འཁོར་ལོའི་གནས་ཀྱི་སྟེང་ཕྱོགས་མཁའ་སྤྱོད་འོག་མིན་གྱི་ཞིང་དུ་འཕོ་ཆེན་འཇའ་ལུས་ཀྱི་སྐུར་བཞེངས་ནས་དུས་རྟག་ཏུ་འཛམ་གླིང་སྤྱི་དང་། ལྷག་པར་ཁ་བ་ཅན་གྱི་གདུལ་ཞིང་ལ།ཐུགས་རྗེས་ཆགས་འཕྲིན་ལས་ཀྱི་འཇུག་པ་དུས་ལས་ཡོལ་བ་མེད་པར་མ་ཟད། སྐབས་དང་སྐབས་སུ་ཁོང་གི་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་བའི་སྐྱེས་བུ་དུ་མ་དངོས་སུ་བྱོན་དང་འབྱོན་ནས་འགྲོ་དོན་མཛད་སྲིད་པ་དངོས་ཡོད་གནས་ཚུལ་དུ་མས་ར་སྤྲོད་ཐུབ་པ་དང་།  དེ་བཞིན་དུ་གདུལ་བྱ་གང་ལ་གང་འདུལ་དུ་དེ་ལ་དེར་སྟོན་གྱིས་སྣང་བའི་སྐྱེས་བུའི་གསང་གསུམ་བསམ་མི་ཁྱབ་པའི་རྣམ་ཐར་རྟོགས་པ་བརྗོད་པའི་བསྟོད་རྩོམ།གླིང་གེ་སར་གྱི་སྒྲུང་དུ་གྲགས་པའི་ལོ་རྒྱུས་བྱུང་བརྗོད་རིང་མོ་འདིའི་བརྗོད་བྱའི་སྲོག་གི་མི་སྣ་གཙོ་བོར་ཡང་གྱུར་ནས། ད་ལྟ་ལྷོ་འཛམ་གླིང་ལ་རྣམ་པར་དགེ་བའི་སྙན་གྲགས་རྒྱས་བཞིན་པ་ཡིན། གླིང་རྗེ་འདིའི་སྐུའི་གདུང་རྟེན་བྱང་རྟ་བདེ་མཆོག་གི་གནས་སུ་ཡེལ་བ་རིན་པོ་ཆེ་ཡེ་ཤེས་བརྩེགས་ཀྱིས་བཞེངས་པ་དང་། གླིང་རྗེའི་སྐུ་ཚ་དགྲ་བླ་རྩེ་རྒྱལ་གྱི་གདུང་རྒྱུད་ད་ལྟའི་གླིང་ཚང་རྒྱལ་སྲས་སྟོབས་ལྡན་རྡོ་རྗེའི་བར་མཚམས་ཆད་མེད་དུ་བྱུང་ཡོད་པ་འདིའོ། །

    ཞེས་བོད་རབ་བྱུང་17པའི་ཤིང་ལུག་ལོར་སྔ་འགྱུར་རིག་འཛིན་འདུས་སྡེའི་གླེང་ཚོགས་སྟེང་གླིང་གེ་སར་སྐོར་བགྲོ་གླེང་སྐབས་གླིང་དགའ་བ་སྨིན་དབུས་ཨ་དཀར་པོས་མདོར་བསྡུས་ཙམ་ཕུལ་བའོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1