༄༅། །དགའ་ལྡན་དགོན་པ།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།རྒྱལ་སྐྱོང་ཆོས་འཁོར་གླིང་། སྤེལ་དུས། 09-10


  འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་ཞེས་པ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལེ་བཞི་བཅུ་འདས་པའི་སྟག་རྩེ་རྫོང་ཁོངས་ཀྱི་འབྲོག་རི་བོ་ཆེ་ཞེས་པའི་གནས་སུ་ཆགས་ཡོད།འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་1409ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲོལ་མ་ཐག་སློབ་མ་ཉུང་ཤས་དང་བཅས་གནས་དེར་ཕེབས་ནས་བརྟག་པར་མཛད་པས་གནམ་ས་གང་ལ་དཔྱད་ཀྱང་བཤད་སྒྲུབ་འཆད་ཉན་འཕེལ་བའི་གནས་བཟང་པོར་གཟིགས་ནས་ས་དེར་དགོན་པ་འདེབས་པའི་ལྗགས་བཀོད་གནང་བ་ལྟར་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་།འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ནས་དགེ་འདུན་ལྔ་བརྒྱ་ཙམ་ཁྲིད་པ་དང་།དེའི་ཉེ་སྐོར་གྱི་སྐྱ་བཙུན་དང་སྡེ་པ་རྣམས་ཀྱིས་ཀྱང་དང་བ་ཆེན་པོས་ཞབས་འདེགས་ཞུས་པར་བརྟེན་ལོ་དེ་རང་ལ་གཟིམ་ཁང་གི་ཐོག་དྲངས་བྲང་ཁང་(གྲྭ་ཤག་)    བདུན་ཅུ་ལྷག་ཙམ་རྫོགས་པར་གྲུབ་ལ་གཞི་བཏིང་བའང་བརྒྱ་ཕྲག་བརྒལ། 

  བོད་རབ་བྱུང་བདུན་པའི་མེ་བྱ་སྤྱི་ལོ་1417ལོར་རྗེའི་ལྗགས་བཀོད་བཞིན་ཡངས་པ་ཅན་གྱི་ནང་དུ་གཙང་ཁང་དང་།མགོན་ཁང་།ཁྱིམ་ཀ་བ་བདུན་ཅུའི་ས།སྒྲུབ་མཆོད་ཁང་བཅས་གྲུབ།ལྕགས་བྱི་སྤྱི་ལོ་1420ལོར་རྒྱལ་ཚབ་ཆོས་རྗེ་དང་།འདུལ་འཛིན་གཉིས་ནས་རྗེའི་སྐུ་གདུང་རིན་པོ་ཆེ་ནང་རྟེན་དུ་བཞུགས་པའི་གསེར་གདུང་ཁང་བཞེངས།

  དགོན་པ་འདིར་ཚོགས་ཆེན་འདུ་ཁང་གཅིག་དང་།གྲྭ་ཚང་གཉིས།﹙ཤར་རྩེ་དང་བྱང་རྩེ།﹚    ཁང་ཚན་ཉི་ཤུ་རྩ་གསུམ་དེ་བཞིན་ཡངས་པ་ཅན་དང་།ལི་མ་ལྷ་ཁང་།བླ་མ་ལྷ་ཁང་།ཁྲི་ཐིག་ཁང་།ལྔ་མཆོད་ཁང་།བྱང་རྩེ་གཟིམ་ཁང་།པར་ཁང་སོགས་ཡོད་ཅིང་དགོན་པའི་དབྱིབས་རི་ལྡེབས་སུ་ཆགས་སྟབས་ཐོག་བརྩེགས་སུ་གནས་ཏེ་རང་གཞི་ཡངས་པ་ལ་པིར་གྱིས་བྲིས་པ་ལྟར་མངོན་ལ་གདན་སའི་མིང་ལ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་ལུང་བསྟན་པ་ལྟར་དགའ་ལྡན་ཞེས་མིང་བཏགས་ཏེ་དགེ་ལུགས་པའི་དགོན་ནམ་གདན་ས་ཆེན་པོ་བཞིའི་ཡ་གྱལ་དུ་གཏོགས། 

དགོན་འདིའི་འདུ་ཁང་དང་ལྷ་ཁང་ལ་སོགས་པ་སོ་སོའི་ནང་བཞུགས་པའི་སྐུ་གསུང་ཐུགས་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཙོང་ཁ་པའི་སྐུ་བརྙན་ཆེ་བ་དང་།བྱམས་པའི་གསེར་སྐུ་ཆེ་བ།འདུ་ཁང་ཆེན་མོའི་སྦུག་ཏུ་དགའ་ལྡན་གསེར་ཁྲི་ཞེས་སུ་གྲགས་པ་ཙོང་ཁ་པ་ཆེན་པོའི་བཞུགས་ཁྲི་དང་།གསེར་ཁྲིའི་དབུ་ཐོད་དུ་དགའ་ལྡན་ལྷ་བརྒྱའི་ཞིང་བཀོད།དེ་བཞིན་མི་དབང་ཕོ་ལྷས་བཞེངས་པའི་གསེར་ཁྲིའི་སྟེང་གི་གསེར་ཟངས་ཀྱི་རྒྱ་ཕིབས་ཆེས་ལེགས་བཟོ་དབྱིབས་ཕུན་སུམ་ཚོགས་པ་དང་།དེའི་འོག་ཏུ་གསེར་སྦྱངས་བཙོ་མ་འབའ་ཞིག་ལས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་འཛམ་གླིང་གཡས་བཞག་ཏུ་གྲགས་པ་དེ་ཡོད།ཡངས་ཅན་གཙུག་ལག་ཁང་ནང་གི་རྟེན་གཙོ་བོ་ནི་ཙོང་ཁ་པའི་སྐུ་གདུང་བཞུགས་པའི་གསེར་གདུང་ཡིན།དེ་ནི་རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ་1419ལོར་ཐོག་མར་རྒྱལ་ཚབ་དང་འདུལ་འཛིན་གཉིས་ཀྱིས་རྒྱུ་དངུལ་ཆེན་བཅོ་བརྒྱད་ལྷག་ཙམ་ལ་ཕྲ་རྒྱན་ཕུན་སུམ་ཚོགས་པ་སྤྲས་ཏེ་རྣམ་རྒྱལ་མཆོད་རྟེན་གྱི་དབྱིབས་སུ་བཞེངས།ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ནས་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཀྱིས་དངུལ་གདུང་གི་ཕྱི་ནས་གསེར་སྦྱངས་བརྡུངས་ཀྱིས་བཏུམས་ཏེ་གསེར་གདུང་དུ་བསྒྱུར།དེ་རྗེས་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་སྤྱི་ལོ་1921ལོའི་ནང་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས་བྱ་བ་གཙོ་བོར་བསྐོ་འཛུགས་མཛད་དེ་གསེར་གདུང་ཉམས་གསོ་མཛད་པས་སྔར་ལས་ལྷག་པའི་བཟོ་བཀོད་ཕུན་སུམ་ཚོགས་པར་གྱུར།གསེར་གདུང་གི་གཡས་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་རྗེས་སོགས་འཇམ་དབྱངས་གཙང་པ་བདུན་བརྒྱུས་ག་སོགས་པའི་གདུང་རྟེན་དང་།རྗེ་རང་གི་ཐུགས་དམ་གྱི་རྟེན་བྱིན་ཅན་སྐུ་རྒྱ་གར་མ་རྒྱ་ནག་མ་གཉིས་བཅས་བཞུགས་ཡོད་ལ་གསེར་གདུང་ཁང་ནང་དུ་གསང་འདུས་མི་བསྐྱོད་པ་དང་།འཕགས་པའི་གནས་བརྟན་བཅུ་དྲུགརྒྱལ་ཆེན་བཞི་དང་བཅས་སེའུ་ཐང་﹙དགའ་ལྡན་སེའི་ཐང་﹚སྐུ་ངོ་མཚར་ཅན་བཞུགས།དེ་རྣམས་ནི་རྒྱ་ནག་གོང་མ་ཏྰ་མིང་གི་སྲས་ཟོན་ཏི་ཡིས་རང་གི་ཏི་ཤི་སེ་ར་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་གཉིས་ལ་ཕུལ་བ་དང་ཁོང་རྣམ་གཉིས་ཀྱིས་གསེར་གདུང་ཁང་ལ་ཕུལ་བ་ཡིན།ཡངས་ཅན་གཙུག་ལག་ཁང་གི་སྤུག་གི་གཙང་ཁང་ལྷོ་མའི་རྟེན་གཙོ་རྗེ་རང་ཉིད་ཀྱིས་བཞེངས་པའི་གསེར་ཟངས་ཀྱི་ཐུབ་པ་བདུད་འདུལ་ཆེན་པོ་སྐུ་ཚད་ལྷ་སའི་ཇོ་བོ་ལས་མཐོ་གང་ཙམ་གྱིས་ཆེ་བ་ཐུབ་དབང་ཚུལ་ཁྲིམས་མར་གྲགས་པ་བཞུགས།དེའི་བཞུགས་ཁང་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་ཉིས་བརྩེགས།རྒྱལ་ཡོལ་ཁྲི་དྲུག་འགྱོགས།མདུན་དུ་འབྲུག་ཤ་འགྱུར་དང་བཅས་པ་འདི་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས་།གཙོ་བའི་མཐའ་སྐོར་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་བཞེངས་པའི་རྒྱལ་བ་འོད་དཔག་མེད་ཀྱི་གསེར་སྐུ་དང་།མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བཞེངས་པའི་ཐུམ་དབང་གི་གསེར་སྐུ་ཆེ་བ་སོགས་བཞུགས།ཡངས་པ་ཅན་གྱི་འོག་ཤོད་མགོན་ཁང་གི་རྟེན་གཙོ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཆེ་བ་གཅིག་དང་།བཀའ་སྡོད་ལས་ཀྱི་གཤིན་རྗེ་ཡབ་ཡུམ་བཅས་པ་འདི་རྣམས་ནི་ཙོང་ཁ་པ་ཞལ་བཞུགས་སྐབས་བཞེངས་པ་བ་ཟད་རབ་གནས་ཀྱང་མཛད།གཙོ་བོའི་མཐའ་སྐོར་དུ་མགོན་པོ་ཕྱག་དྲུག་དང་།ལྷ་མི་ཕྱག་བཞི་མ།གནོད་སྦྱིན་བཞི་དང་བཅས་པ་བཞུགས།ཡངས་པ་ཅན་གྱི་སྟེ་ཐོག་ཏུ་རྗེ་རང་ཉིད་ཀྱིས་བཞེངས་པའི་བློས་བསླངས་ལྷ་ཁང་ནང་གསང་འདུས་མི་བསྐྱོད་པ་ལྷ་སོ་གཉིས།དེའི་ཤར་དུ་རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་རྡོ་རྗེ་དབྱིངས་ཀྱི་ལྷ་བཅུ་གསུམ་བཅས་ཀྱི་བློས་བསླངས་ཀྱི་དཀྱིལ་འཁོར་ཡོད།དཀྱིལ་འཁོར་དེའི་ནང་གི་གཙོ་བོ་རྣམས་ལ་དངུལ་བྲེ་ཆེན་གཉིས་རེ་དང་།འཁོར་ནང་མ་བཞི་སྟེ་བཅུ་གཉིས་པོ་རེ་རེ་ལའང་དངུལ་ཆེན་ཕྱེད་ཙམ་གྱི་གར་བླུགས་དང་ཕྲ་རྒྱན་ཕུན་སུམ་ཚོགས་པ་སྤྲས་པ་དང་།ལྷ་གཞན་རྣམས་གསེར་ཟངས་ལས་བཞེངས་པ་བཅས་རྗེ་རང་ཉིད་ཀྱིས་རབ་གནས་མཛད།ལི་མ་ཁང་དུ་རྟེན་གཙོ་བོ་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་གྱིས་ཙོང་ཁ་པར་ཕུལ་བའི་ཐུབ་དབང་བདུད་འདུལ་མའི་སྐུ་ལི་མ་དང་།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་ངོ་མཚར་ཅན་གྱིས་གཙོས་ཙོང་ཁ་པའི་ཐུགས་དམ་རྟེན་ལི་མའི་སྐུ་དང་།གསེར་ཟངས་ཀྱི་བརྒྱ་ཕྲག་བརྒལ་བ་རྣམས་ཡོད།ཡང་བློ་གྲོས་ཆོས་སྐྱོང་གིས་བཞེངས་པའི་གསར་བ་ཁར་དུ་འདི་ཉིད་ཀྱིས་བཞེངས་པའི་ཐུབ་དབང་གི་གསེར་སྐུ་ཆེ་མོ་གཅིག་དང་།ཙོང་ཁ་པའི་སྐུ་བྱམས་པ།འཇམ་དབྱངས་ཀྱི་སྐུ་སོགས་གསེར་ཟངས་ཀྱི་སྐུ་ཆེ་བ་བཅུ་ཕྲག་སྐོར་ཡོད།

  བླ་མ་ལྷ་ཁང་དུ་རྗེ་རིན་པོ་ཆེའི་དངུལ་སྐུ་ཆེ་བ་གསུམ་དང་།གསེར་ཟངས་སྐུ་ཆེ་བ་གཉིས།ཇོ་འབྲོམ་ཡབ་སྲས།རྒྱལ་དབང་ལྔ་པ་བཅས་ཀྱི་དངུལ་སྐུ་རེ།སྡེ་སྲིད་ཟངས་རི་པས་ཕུལ་བའི་བཀའ་འགྱུར་གསེར་བྲིས་མ།རྗེའི་གསུང་འབུམ་དམ་འབྱར་མ།གནས་བརྟེན་བཅུ་དྲུག་གི་སེའུ་ཐང་ངོ་མཚར་ཅན་ཉི་ཤུ་རྩ་དྲུགརྗེ་རིན་པོ་ཆེ་དང་།ཇོ་བོ་རྗེ་རྣམ་ཐར་ཞིང་བཀོད་སྐུ་ཆེ་བ་རེ་བཅས་བཞུགས།རྗེའི་གཟིམ་ཁང་ཁྲི་ཐོག་ཁང་དུ་རྟེན་གཙོ་བོ་གོང་གསལ་བློས་བསླངས་གསུམ་གྱི་ལུགས་ཕུད་ད་དུང་དཔའ་བོ་འཇའ་ཚོན་མ་སྟེ་ཥཀ་པྰ་ལ།རྒྱལ་བ་ཚེ་དཔག་མེད།རྣམ་རྒྱལ་མ།གདུགས་དཀར།འཇམ་དབྱངས་སོགས་ཀྱི་གསེར་སྐུ་བཞུགས།

ལྔ་མཆོད་ཁང་དུ་ཙོང་ཁ་པའི་ཚེམས་འོད་ཟེར་མ་དང་།འཇམ་དབྱངས་རང་བྱོན་རིང་བསྲེལ་མང་དུ་འཕེལ་བར་གྲགས་པ་དང་།རྗེའི་ཐུགས་དམ་གདུགས་དཀར་ཕྱག་སྟོང་དབུ་སྟོང་གི་ཞག་ཐང་ཆེ་བ་གཅིག་མཁས་གྲུབ་རིན་པོ་ཆེས་བཞེངས་པའི་རྗེའི་འདྲ་སྐུ་སོགས་བཞུགས།བྱང་རྩེའི་གཟིམ་ཁང་དུ་སྔོན་བཅོག་ལྡན་འདས་གླང་པོའི་སྐྱེ་བ་བཞེས་པའི་སྐུ་རུས་ལས་གྲུབ་པའི་སྟོན་པ་འཁོར་བཅས་ཀྱི་སྐུ་བརྙན་དང་།རྗེས་བཀྲ་ཤིས་གདོང་ཁ་མ།གསང་འདུས་དང་།བདེ་མཆོག་གཉིས་ཀྱི་གསེར་ཟངས་སྐུ།འབྲི་གུང་སྤྱན་སྔ་རིན་པོ་ཆེའི་རྟེན་སྐལ་རྣལ་འབྱོར་མའི་སྐུ་གསུང་བྱོན་མ་སོགས་བཞུགས།

པར་ཁང་དུ་རྗེ་རང་གི་གཟིགས་དཔེ་འགྲེལ་པ་བཞི་སྦྲགས་ལམ་རིམ་ཆེ་ཆུང་།སྔགས་རིམ།རིམ་ལྔ་གསལ་སྒྲོན་བཅས་ཀྱི་པར་ཤིང་རྗིའི་ཕྲག་གནས་བ་བཞུགས་སོ།།སྐོར་ལམ་གྱི་ཁྱོན་དུ་རིམ་པ་བཞིན་བདུད་རྩིའི་ཆུ་མིགཕྱག་མཁར་བུམ་པ།ཡི་དམ་ཆོས་སྐྱོང་།ཡིག་དྲུག་རང་བྱོན།དམ་པ་རྣམས་ཀྱི་ཕྱག་རྗེས་རྣམས་དང་།ཆོས་རྒྱལ་གྱི་ཞལ་འབག་དུང་དཀར་གཏེར་ནས་བཞེས་པའི་རྗེས་ཤུལ།རྗེ་རང་གི་ཕྱག་མཛུབ་ཀྱིས་བྲག་ལ་བྲིས་པའི་རྗེ་ཉིད་ཀྱི་སྐུ།སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་སོགས་ཤིན་ཏུ་མང་།དགོན་འདིའི་སྦྱིན་བདག་གཙོ་བོར་མི་དབང་གྲགས་པ་རྒྱལ་མཚན།འབྲི་གུང་སྤྱན་སྔ་རིན་པོ་ཆེ།སྡེ་པ་སྐྱིད་ཤོད་པ།གཞིས་ཀ་སྣེའུ་པ་སོགས་དང་ཕྱིས་སུ་རིམ་པར་བྱོན་པ་པཎ་ཆེན་བློ་བཟང་ཆོས་རྒྱན།རྒྱལ་མཆོག་ལྔ་པ་ཆེན་པོ།གུ་ཤྲྰི་བསྟན་འཛིན་ཆོས་རྒྱལ།སྡེ་སྲིད་བསོད་ནམས་ཆོས་འཕེལ།སྡེ་སྲིད་ཟངས་རི་པ།ལྷ་བཟང་།བཤད་གྲགས་ཕོ་ལྷ་བ།རྒྱལ་མཆོག་བཅུ་གསུམ་པ།གཞན་ཡང་རྒྱ་སོགས་བོད་ཡོངས་ནས་བསྙེན་བཀུར་རྒྱ་ཆེར་མཛད།

  དགེ་ལྡན་རྣམ་པར་རྒྱལ་པའི་གླིང་ཞེས་པ་གཞི་རྒྱ་ཆེ་ལ་བཀོད་པ་ཕུན་སུམ་ཚོགས་པ་འདི་ནི་ཐོག་མར་རྗེ་ཙོང་ཁ་པ་ཆེན་པོས་ཕྱག་བཏབ་པ་ནས་རྗེ་ཉིད་ཁྲི་ཐོག་དང་པོར་བརྩིས་པ་ནས་ཁྲི་ཆེན་ཀུན་དགའ་བར་གདའ་ལྡན་ཁྲི་པ་དགུ་བཅུ་གོ་དྲུག་བྱོན་ཡོད་ཅིང་།དུས་རབས་རིམ་བྱུང་གི་དགའ་ལྡན་ཁྲི་ཐོག་ལ་སོགས་པ་མཁང་དབང་མང་པོས་གསར་དུ་སྐྲུན་དང་ཉམས་གསོ་གནང་ནས་འདུས་སྡེ་རིམ་འཕར་གྱིས་གྲྭ་གྲངས་ལྔ་སྟོང་ལྷག་ཙམ་ནས་མཁང་པའི་དབང་པོ་ནམ་མཁའི་སྐར་ཚོགས་ལྟར་ཐོན་ཞིང་ས་གཞིའི་ཁྱོན་དུ་འབྲུག་ལྟར་གྲགས།དགོན་འདིར་གནའ་བོའི་རིག་དངོས་རྩ་ཆེའི་རིགས་དུ་མ་ཡོད་པ་ལས་གནས་བརྟན་བཅུ་དྲུག་གི་སེའུ་ཐང་དེ་རྣམས་རིན་ཐང་ཧ་ཅང་ཆེ་བའི་ཡིག་རྫས་ཀྱི་གྲས་ཤིག་ཡིན།ངག་རྒྱུན་དུ་སེའི་ཐང་དེ་དག་ཐང་རྒྱལ་རབས་ཀྱི་འཚེམ་དྲུབ་ཡིན་སྐད་ཀྱང་སྐུ་ཐང་གི་ལོ་རྒྱུས་དང་བཟོ་སྟངས་ལ་གཞིགས་ན་ཡིང་རྒྱལ་རབས་ཀྱི་དུས་འགོད་ཐོན་པའི་ཅང་སུའི་རྒྱུད་ཀྱི་གོས་སྐུ་འཚེམ་དྲུབ་མ་འདྲ།སེའི་ཐང་དེ་རྣམས་བཟོ་སྤུས་ཁྱད་དུ་འཕགས་པས་ལོ་རྒྱུས་ཀྱི་རྩ་ཆེའི་རིག་རྫས་གཞན་མཚུངས་མ་མཆིས་པ་ཞིག་ཡིས་ལ་སྤྱི་ལོ་1961ལོ་ནས་བཟུང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས།ཡིན་ནའང་སྤྱི་ལོ་1969ལོའི་རིག་གནས་གསར་བརྗེའི་དུས་ཟིང་ནང་དགོན་པ་འདི་རྩ་གཏོར་དུ་སོང་ཡང་།979ལོད་ཆ་ཏང་དང་རྒྱལ་ཁབ་ནས་འགྲོ་གྲོན་འབོར་ཆེན་བཏང་སྟེ་སྤྱི་ཞི་1ར་སླར་ཡང་བསྐྱར་གསོ་མཛད་ནས་ལྔ་མཆོད་ཁང་དང་།གསེར་སྡོང་ཁང་།ཡངས་པ་ཅན།ཁྲི་ཐོག་ཁང་།གསེར་ཁྲི་ཁང་།མངའ་རིས་སོགས་རགས་ཙམ་གྲུབ་སྟེ་གྲྭ་གྲངས་ཉིས་བརྒྱ་ལ་ཉེ་བར་གྱུར་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་།དད་ལྡན་སྐྱེ་བོ་རྣམས་ཀྱིས་ཡིད་ཀྱི་དྭངས་བ་འདྲེན་ཅིང་དོན་དང་མཐུན་པའི་གནས་མཆོག་ཅིག་ཏུ་གྱུར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1