དམག་འཁྲུག་ཁྲོད་ཀྱི་བྱིས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-11


      

  མེ་རྫས་ཀྱི་དུ་ཞག་འཁྲུག་པའི་དམག་འཁྲུག་ཁྲོད་ནས། དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་རྩ་མེད་ཤུལ་མེད་དུ་བཏང་བ། གཉེན་ཉེ་མི་ཡུལ་ནས་བྲལ་བ། མ་གཞིར་ཕ་མའི་པང་དུ་དགེ་དགེ་བྱེད་ཆོག་ལ། སློབ་ཁང་ནང་དུ་སློབ་སྦྱོང་བྱེད་ཆོག་པ། རྩེ་གྲོགས་ཆུང་ཆུང་དང་ལྷན་དུ་རྩེད་འཇོ་ལ་རོལ་ཆོག་པའི་བྱིས་པ་ཚོས་ཡ་ང་བའི་འཚོ་བ་ དེར་དང་ལེན་མི་བྱེད་ག་མེད་དུ་གྱུར། འཆི་བར་གཡོལ་བ་ཁོ་ཚོའི་འཚོ་བའི་བརྗོད་བྱ་གཙོ་བོར་གྱུར།


མཚོ་ཐོག་གི་རྣམ་ཤེས་གསོན་པོ།

  ས་གནས་དེ་གའི་དུས་ཚོད་9པའི་ཚེས་3ཉིན། བྱིས་པ་ཨའེ་ལན་ཁོར་ཏིའི་བེམ་རོ་ཐུར་ཁེའི་རྒྱ་མཚོའི་འགྲམ་ཁ་ནས་རྙེད་ཡོད། ལོ་3ཅན་གྱི་སི་རི་ཡ་སྐྱབས་འཆོལ་པ་ཆུང་ཆུང་དེའི་འཆི་བ་ལས་འཛམ་གླིང་ཡོངས་སྔངས་སུ་བཅུག 
ནང་འཁྲུག་དང་མཐར་ལྷུང་རིང་ལུགས་རྩ་འཛུགས་ཏེ་དབྱི་སི་ན་རྒྱལ་ཁབ་ཀྱི་གནོད་འཚེར་གཡོལ་ཆེད། སི་རི་ཡ་མི་འབོར་ཆེན་རང་ཡུལ་ནས་བྲོས་ཏེ། ལྐོག་བརྒལ་ཉེན་གཡོལ་གྱི་ལམ་དུ་ཆས། ཁོ་ཚོའི་ཁྲོད་མང་ཤོས་ཤིག་ས་དབུས་རྒྱ་མཚོ་བརྒལ་ཏེ་ཡོ་རོབ་གླིང་དུ་སྐྱོད་ཡོད་དེ། མཚོ་ཐོག་ཏུ་འགྲིམ་འགྲུལ་ཆག་སྒོ་ཡང་ཡང་བྱུང་པས་སྐྱབས་འཆོལ་པ་འབོར་ཆེན་དེ་ལས་རྐྱེན་ལམ་དུ་ཤོར་སོང་། 
  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ད་ལོ་ནས་བཟུང་། སྐྱབས་འཆོལ་པ་དང་ཁྲིམས་འགལ་སྤོ་དམངས་ས་དབུས་རྒྱ་མཚོ་ནས་ཡོ་རོབ་གླིང་དུ་སྐྱོད་ལམ་ནས་མི་གྲངས་ཁྲི་30ལྷག་ལས་མ་མཐའ་ཡང་མི་གྲངས་2600རྒྱ་མཚོའི་སྟེང་ནས་སྲོག་དང་བྲལ་བ་རེད། དེའི་ནང་དུ་ཨའེ་ལན་ཡང་འདུས་ཡོད།



མེ་མདའ་མ་རྒྱག ངས་མགོ་བཏགས། 

  སྐྱབས་འཆོལ་པ་ཆུང་ཆུང་ཨའེ་ལན་ཁོར་ཏིིའི་འཆི་བ་ནི་སྐྱོ་གར་ཞིག་ཡིན་པ་གདོན་མི་ཟ་སྟེ། ལྷག་ཏུ་ད་ལྟ་སྔར་བཞིན་སི་རི་ཡ་རྒྱལ་ནང་དུ་འཚོ་བཞིན་པའི་བྱིས་པ་ཚོའི་འཚོ་གནས་གནས་ཚུལ་ཡང་སྤྲོ་སྣང་སྐྱེ་འོས་པ་ཞིག་མི་འདུག 
ད་ལོའི་ཟླ་3པར། སི་རི་ཡའི་བུ་མོ་ཆུང་ཆུང་ཞིག་གི་འདྲ་པར་ལ་སྨྱན་སྦྱོར་གྱི་ངོས་ནས་བརྒྱུད་སྐུར་དང་དཔྱད་བརྗོད་རྒྱ་ཆེ་སྤེལ་ཡོད། འདྲ་པར་ཁྲོད། བུ་མོ་ཆུང་ཆུང་དེས་པར་མིག་ལ་ལྟ་བཞིན། དངངས་ཤིང་སྐྲག་པའི་མིག་མདངས་དང་ལག་ཟུང་མགོ་རུ་བཏེགས་ནས་ཡོད། པར་འདི་སི་རི་ཡའི་བྱང་རྒྱུད་ཀྱི་སྐྱབས་བཅོལ་བའི་སྡོད་སྒར་ཞིག་ནས་བླངས་པ་ཡིན། སྐབས་དེར་བུ་མོ་དེ་ལོ་4ཡིན། 
  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བ་སྔོན་མར་བསྒྲགས་པའི་གསར་འགྱུར་ལྟར་ན། 2011ལོའི་ཟླ་3པར་སི་རི་ཡའི་གདོང་གཏུག་ཐོལ་གྱིས་བྱུང་བ་ནས་བཟུང་། རྒྱལ་ཁབ་དེའི་མི་གྲངས་ཁྲི་25རྐྱེན་ལམ་དུ་ཤོར་བ་དང་། ཁྲི་760བུད་སྟོང་ཡུལ་གྱར་དུ་གྱུར། 2014ལོའི་ཟླ་4པར། མ་མཐའ་ཡང་བྱིས་པ་8803ནང་འཁྲུག་ལས་ཚེ་སྲོག་ཤོར། དེའི་ཁྲོད་བརྒྱ་ཆའི་བཞི་ལོ་10སོན་མེད།



        བཀྲེས་ལྟོགས་ཀྱིས་མནར་བའི་སུའུ་དན། 
  1993ལོར། ཧྥེ་གླིང་ལྷོ་མའི་པར་ལེན་གསར་འགོད་པ་ཁེ་ཝན་ཁཱ་ཐུས་སུའུ་དན་རྒྱལ་ཁབ་ཀྱི་མུ་གེ་ཆེན་པོའི་སྐབས་སུ་བཀྲེས་ལྟོགས་ཀྱིས་མནར་བའི་སུའུ་དན་ཞེས་པའི་འདྲ་པར་ཞིག་བླངས་ཡོད་དེ། འདྲ་པར་ཁྲོད་ཀྱི་སུའུ་དན་བུ་མོ་ཆུང་ཆུང་ཞིག་མུ་གེ་ལས་འཆི་བར་ཉེ་སྟེ། རྒྱབ་ཕྱོགས་ཀྱི་ཉེ་སར་བྱ་རྒོད་ཅིག་གིས་ཧུར་རེར་ལྟ་བཞིན་བུ་མོ་འཆི་བར་སྒུག་འདུག 
  འདྲ་པར་དེ་གསལ་བསྒྲགས་བྱས་རྗེས་ཚུར་སྣང་ལེན་ཆ་དྲག་པོ་བྱུང་སྟེ། ཕྱོགས་གཅིག་ནས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་སུའུ་དན་གྱི་མུ་གེ་ཆེན་མོ་དང་སུའུ་དན་གྱི་ནང་འཁྲུག་ལ་དོ་སྣང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མི་མང་པོ་ཞིག་གིས་པར་ལེན་གསར་འགོད་པ་ཁཱ་ཐུས་བུ་མོ་དེར་སྲོག་སྐྱོབ་མ་བྱས་པར་རྒོལ་གཏམ་བཏང་ཡོད། 
  བཀྲེས་ལྟོགས་ཀྱིས་མནར་བའི་སུའུ་དན་ཞེས་པའི་འདྲ་པར་ལ་1994ལོའི་ཕུའུ་ལི་ཚུའུ་གསར་འགྱུར་བྱ་དགའ་ཐོབ་ཡོད་དེ། འོན་ཀྱང་སྤྱི་ཚོགས་རྒོལ་གཏམ་གྱི་ཤུགས་རྐྱེན་ལས་ཁེ་ཝན་ཁཱ་ཐུས་བྱ་དགའ་གནང་བའི་མཛད་སྒོ་མཇུག་སྒྲིལ་རྗེས་རང་སྲོག་བཅད།



ཝེད་ནམ་འཁྲུག་ཟིང་ཁྲོད་ཆེས་མིང་གྲགས་ཆེ་བའི་བུ་མོ་ཆུང་ཆུང་། 

  ཝེད་ནམ་གྱི་བུ་མོ་ཆུང་ཆུང་ཞིག་རྡོ་སྣུམ་འབར་མདེལ་གྱིས་བསྲེགས་སྐྱོན་ཐེབས་ཏེ་དམར་དམར་རྗེན་རྗེན་དུ་རྒྱུག་བཞིན་པའི་འདྲ་པར་ཞིག་ཝེད་ནམ་འཁྲུག་ཟིང་མཇུག་སྒྲིལ་ནས་ལོ་ངོ་40ཡི་རྗེས་སུ། མི་རྣམས་ཀྱིས་འཁྲུག་ཟིང་དེར་ཆེས་ཟབ་པའི་བག་ཆགས་ཤིག་ཡིན། རྗེས་སུ་མོ་དམག་འཁྲུག་ལ་རྒོལ་བ་བྱེད་པའི་ལས་འགུལ་གང་མང་དུ་ཞུགས་པ་རེད། 
  འདྲ་པར་དེ་1972ལོར་བླངས་པ་དང་། རྗེས་སུ་ཕུའུ་ལི་ཚུའུའི་བྱ་དགའ་ཐོབ། དམག་འཁྲུག་གིས་ཉེས་མེད་མི་སེར་ལ་ཐེབས་པའི་གནོད་སྐྱོན་དམར་རྗེན་དུ་ཕུད་དེ། ཨ་རི་ནས་དམག་འཁྲུག་ལ་རྒོལ་པའི་རྦ་རླབས་དྲག་པོ་འཕྱུར། མང་པོ་ཞིག་གིས་ཝེད་ནམ་འཁྲུག་ཟིང་སྔོན་དུ་མཇུག་སྒྲིལ་ཐུབ་པ་དེ་འདྲ་པར་དེས་ཤུགས་རྐྱེན་ཐེབས་པ་ཡིན་སྙམ། 








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1