དབྱར་རྩྭ་དགུན་འབུ་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19


། 

དུས་བཞི་སྒྱུ་མའི་རྫུན་རིས་གཉེར་མའི་འོག །
དགུན་གྱི་ནམ་ཟླའི་གྲང་ཤུལ་མ་བཟོད་པར། །
ས་འོག་འབའ་འབུའི་སྲོག་གི་འཚོ་ཐབས་ཀྱི། །
དགུན་ཟླ་གསུམ་རིང་མལ་ནས་གཉིད་དུ་ཡུར། །

དྲོད་ལྡན་དཔྱིད་དཔལ་བུ་མོའི་དཀྱུས་རིངས་ཀྱི། །
ཕྲ་བའི་ཟུར་མིག་ལྕགས་ཀྱུ་དྲོངས་པ་ལ། །
ལུས་ལ་ཆགས་པའི་རྔུལ་ཆུ་བཞུར་བ་ཡིས། །
རྩྭ་ལྡུམ་འཇག་མའི་རྐང་པ་རིང་དུ་རྐྱོངས། 

གསོན་ཤུགས་བརྟས་པའི་མགོ་བོ་གྱེན་བཏེགས་ཏེ། 
དབྱར་རྩྭ་གཡུ་ལོའི་མཛེས་སྡུག་ལང་ཚོ་ངོམས། །
ཁྱོད་ཀྱི་ཚེ་སྲོག་ཟུང་གི་འཇོ་སྒེག་ལ། །
གཞལ་མེད་རིན་ཐང་ལྡན་ཞེས་ཀུན་གྱིས་གླེང་། །

དཔྱིད་དཔལ་དུས་ཀྱི་ལང་ཚོ་བཞད་པ་དང་། །
མི་རིང་མྱུར་དུ་བརྡོལ་ཞེས་རེ་སྒུག་གི།
དུས་ཚོད་སྐར་ཆའི་ཆ་ལ་དམ་འཛིན་གྱིས། །
རྒན་བྱིས་ཀུན་ལ་བྲེལ་བའི་སྐུལ་མ་གནང། །


ལས་ལ་བྲེལ་བའི་རྒན་དར་བྱིས་གསུམ་གྱིས། །
ཁྱོད་ཀྱི་རིན་ཐང་རྣ་བར་བླགས་ཙམ་གྱིས། །
ཞ་བོའི་གཞོག་དྲུད་ལོང་བས་ལག་སྙོབས་ཀྱིས། །
ལ་ལུང་ལེ་བར་གྲངས་མེད་འཚོལ་ཐབས་བསྐྱོད། །

དཔྱིད་མགོ་ཚུགས་ནས་ཞིང་འབྲོག་དམངས་ཡོངས་ལ། །
ཁྱོད་ཀྱི་འཛད་མེད་དངུལ་གྱི་གཏེར་སྒོ་འབྱེད། །
ཁྱེད་དང་འཕྲད་ན་དབུལ་བ་རིང་དོར་ནས། །
ལོངས་སྤྱོད་ཕངས་པ་མེད་པའི་འབྱོར་ལྡན་གྱུར། །

ཀུན་དགའ་དོན་འགྲུབ་མང་པོ་རྙེད་འདོད་ན། ། 
དཔྱིད་ཀྱི་དུས་ཚོད་ཆུད་ཟོས་མ་གཏང་བར། །
སྤང་ནས་རང་བྱུང་རྡོལ་བའི་འབུ་སྲིན་དེ། །
ཉིན་མཚན་བར་མེད་བརྐོ་བའི་ལས་ལ་འབུངས། །

ཉིན་མཚན་འབྲལ་བ་མེད་པར་དོན་གཉེར་གྱིས། །
གངས་མ་ཆར་དུ་ལྷམ་གྱི་མཐིལ་བརྟེན་ནས། །
བུ་ཡུག་རླུང་དམར་སྦྲེལ་དང་བརྩོན་ལེན་གྱིས། །
ཁྱོད་ཉིད་ཁོ་ན་དོན་དུ་འདུར་རྒྱུག་བྱ། །

དཔྱིད་གསུམ་ངལ་བའི་ལས་ལ་བརྩོན་གྱུར་ན། །
ལོ་གཅིག་འཚོ་ཐབས་ཚེགས་མེད་བདེ་བླག་ངང་། །
འབོར་ཆེན་དངུལ་ལོའི་འཛད་མེད་ལོངས་སྤྱོད་གཏེར།
དངོས་གྲུབ་སྐལ་བ་རིང་དུ་འཚོ་བར་གྱུར། །  


རྩོམ་ཡིག་སྔོན་མ།
དཔྱིད་ཀྱི་རང་མདངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1