བཙས་སྐྱིད་སྒྲོལ་མ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



མིག་ཆུ་ཞིག་བསྐམ་ནས་ཅུང་མ་འགོར་ཞིང་།
ངུ་སྐད་གཉོམ་པོ་ཞིག་གི་རྡང་དང་འགྲོགས་ཏེ།
སུ་ཞིག་གིས་བཟོད་བསྲན་མ་ཐུབ་པར།
ཡ་ཆུང་ནས་ལྷུང་བའི་མིག་ཆུ་རྡོག་གཅིག་པོ་དེ།
འཛུམ་མ་དགོད་ཀྱི་ཁྱོད་ཡིན་འདུག

ཁྱོད་འདི་ལྟར་ངུ་སྐད་གཉོམ་པོ་ཞིག་དང་འགྲོགས་ཏེ།
ཁྱོད་འདི་ལྟར་རེ་བའི་མིག་ཆུ་ཞིག་ཏུ་སྤྲུལ་ཏེ།
ཁྱོད་འདི་ལྟར་ཡོད་ཚད་རེ་བས་མགོ་བརྩམས་ཏེ།
འཇིག་རྟེན་འདིར་ཕེབས་པ་ནི།
ཇི་འདྲའི་དགའ་འོས་ཤིང་སྤྲོ་བའི་རེ་སྨོན་དེ་ཅི་ལ་མིན།

བཙས་སྐྱིད་སྒྲོལ་མ།
ཁྱོད་འདི་ལྟར་སོ་མ་ཐབ་ནས་བླངས་པའི་གོ་རེ་བཞིན།
དཀར་བོང་ངེ་ཁྱོད་ཀྱི་འཇིག་རྟེན་ལ་ཕེབས་དུས།
ཁྱོད་ཐེ་བའི་སྡེ་བ་ཡོངས་དང་ཁྱིམ་གཞི་དག་ཇི་འདྲའི་འཁྱག་ཨང་།
ཁྱོད་འདི་ལྟར་འབྲི་དེབ་གསར་བ་ཞིག་དང་འདྲ་བར།
ཆུང་ཆུང་གི་ཁྱོད་ཀློག་ཐེངས་རེར།
ཀློག་མཁན་ཚོའི་ཡིད་སེམས་ཇི་འདྲའི་སྡུག་ཨང་།

བཙས་སྐྱིད་སྒྲོལ་མ།
ཁྱོད་ཀྱིས་ཤེས་ག་ལ་སྲིད།
ཁྱོད་ནི་མིག་ཆུས་བྲིས་པའི་སྐྱོ་གར་རིང་མོ་ཞིག་ཡིན།
ཁྱོད་ནི་ཡིད་ཆད་ཀྱིས་བཞེངས་པའི་རེ་བ་ཉག་གཅིག་པུ་དེ་ཡིན།
རྒྱུ་མཚན་ནི། ཁྱོད་དགོད་སྒྲ་དང་བཅས་འཇིག་རྟེན་ལ་ཕེབས་དུས།
ལོ་ན་ཆུང་བའི་ཁྱོད་ཀྱི་ཕ་དམ་པ།
ང་ཚོ་དང་གྱེས་ཏེ་འཇིག་རྟེན་གཞན་ཞིག་ལ་ཆས་ཟིན།
ཐ་ན། ཁྱོད་ཀྱིས་རང་གི་ཨ་མའི་ནུ་ཞོ་དེའང་ལྡག་མ་ཐུབ་པར།
ཁེར་རྐྱང་ངང་མིག་ཆུས་སྦངས་བའི་རྨོ་མོའི་བྲང་ལ་འབྱར་དགོས་སོང་།

ལྷ་སུ་ཞིག་གིས་གཟིགས་མ་བཟོད་པ་ཡིན་ནམ།
དེ་མིན་ན་སྐྱོ་སྡུག་གི་མཚོ་ལ་ཁྱོད་ལྟ་བུའི།
རེ་སྨོན་གྱིས་བཏུམ་པའི་བུ་མོ་ཞིག་ཇི་ལྟར་བཞད་དམ།
རྒྱུ་མཚན་དེའི་དབང་གིས།
ཁྱོད་ལ་བཙས་སྐྱིད་སྒྲོལ་མ་ཞེས་མིང་མཚར་བོ་ཞིག་བཏགས་ཡོད།
ཁྱོད་ནི་རེ་བས་བརྒྱུས་པའི་སྐེ་རྒྱན་སྙིང་རྗེ་དེ་ཡིན།
ཁྱོད་ནི་མིག་ཆུའི་ནང་གི་མུ་ཏིག་དྭངས་མ་དེ་ཡིན།

བུ་མོ་ཆུང་ཆུང་། ངས་ཁྱོད་མཐོང་ཐེངས་རེ་ལ།
མིག་ཆུའི་གསེབ་ནས་རེ་བ་ཞིག་མཐོང་འོང་ཤིང།
མིག་ཆུ་འཁྱིལ་ཐེངས་རེ་ལ། ངས།
ཁྱོད་ཀྱིས་ཀྱང་ནམ་ཞིག་ལ་ས་སྟེང་འདི་ན།
ཕུ་ཐུང་དེ་གཡུག་ནས་བྲོ་ཞིག་འཁྲབ་ཅིང་།
གླུ་ཞིག་བླངས་ན་སྙམ་གྱིན་ཡོད་ཡ།

འབྲི་དཀའ་བའི་སྙན་ངག་ཅིག
མིག་ལ་འཐོར་བའི་བྱེ་རྡུལ་ལྟར་མིག་ཀོང་ལ་མིག་ཆུས་སིམ།
མིད་པ་ནས་ལུས་པའི་སྙིང་གཏམ་བཞིན་མིད་པ་འགག
ཐ་མར་བཙས་སྐྱིད་སྒྲོལ་མ་ཟེར་བའི་མིང་ཡིག་ཅིག་ཏུ་གྱུར་སོང་།
མིང་ཡིག་སྙིང་རྗེ་དེ་ཤེས་མེད་ཚོར་མེད་ངང་ངའི་སྙིང་ལ་ཟུག་འོང་།
ངས་རང་གི་སྙིང་སྒོ་ཡངས་པོར་ཕྱེས་ཏེ།
ད་དུང་། ད་དུང་། ……  


རྩོམ་ཡིག་རྗེས་མ།
མགྲོན་ཤོག་ཐོག་གི་བུ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1