ཆེས་པོ་ལ་སིས་ཀི་རེ་སེའི་ཙུང་ལིའི་འགན་བླངས། རྒྱལ་སྲིད་ལས་ཁུངས་བཙུགས་རྗེས་དཀའ་ཁག་མང་པོར་འཕྲད་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-23


     ཀེ་རི་སེའི་དྲག་སྐྱོད་གཡོན་རུ་མནའ་འབྲེལ་གྱི་འགོ་ཁྲིད་པ་ཆེས་པོ་ལ་སི་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་ཙུང་ལིའི་འགན་བཞེས་དམ་བཅའ་བཞག་ཅིང་། སྐབས་གཉིས་པའི་འགན་འཛིན་དུས་ཚོད་ཀྱི་འགོ་ཚུགས། དེ་སྔོན། དྲག་སྐྱོད་གཡོན་རུ་མནའ་འབྲེལ་གྱིས་ཀེ་རི་སེའི་དབྱི་ཧུའེ་གྲོས་ཚོགས་ཀྱི་འདེམས་བསྐོ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ།
     གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་འགན་བཞེས་མཛད་སྒོའི་ཁྲོད། ཆེས་པོ་ལ་སིས་གོམས་སྲོལ་ལས་བརྒལ་ཏེ། ཆོས་ལུགས་མ་ཡིན་པའི་བྱེད་སྟངས་ཀྱིས་ཀེ་རི་སེའི་རྩ་ཁྲིམས་ལ་བློ་སེམས་དཀར་བའི་ངང་ནས་ཞབས་ཞུ་སྒྲུབ་པའི་དམ་བཅའ་བཞག སྤྱིར་བཏང་དུ། ཀེ་རི་སེའི་ཙུང་ལི་ཡིས་ཆོས་ལུགས་ཀྱི་གཙོ་འཛིན་གྱི་མདུན་ནས་འགན་བཞེས་དམ་བཅའ་འཇོག་པ་རེད།
   ད་ལོའི་ཟླ་1པོའི་ཚེས་25ཉིན་གྱི་འདེམས་བསྐོ་ཆེན་མོའི་ཁྲོད་དུ། དྲག་སྐྱོད་གཡོན་རུ་མནའ་འབྲེལ་ཏང་གིས་དམ་འཕྲི་བྱེད་ཐབས་ལ་ངོ་རྒོལ་བྱེད་པ་དང་། རོགས་སྐྱོབ་གྲོས་མཐུན་མཚམས་འཇོག་བྱེད་དགོས་པའི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་ཁ་ཐོབ། འོན་ཀྱང་སྲིད་སྟེགས་ཐོག་སླེབས་ཏེ་སྲིད་དབང་བཟུང་རྗེས་དམ་བཅའ་དོན་ཐོག་ཏུ་མ་འཁྱོལ། མཇུག་མཐར་དངུལ་ཁང་གི་ལས་གཉེར་བྱེད་མཚམས་བཞག་པ་དང་རེས་སྐོར་གཉིས་པའི་རོགས་སྐྱོབ་ཟླ་བ་6པའི་ཟླ་མཇུག་ཏུ་དུས་བཅད་ཚང་རྗེས། བུན་བདག་དང་དམ་འཕྲི་ནན་གཏོང་དང་སྒྱུར་བཅོས་བྱེད་ཐབས་འདུས་པའི་རེས་སྐོར་གསུམ་པའི་རོགས་སྐྱོབ་གྲོས་མཐུན་བཞག་པ་རེད། དེ་རྗེས། ཏང་འདིའི་ནང་ཁུལ་དུ་ནང་འཐབ་བྱུང་ཞིང་། བཞི་ཆའི་གཅིག་ལས་བརྒལ་བས་གྲོས་མི་ཡིས་ངོ་ལོག་བྱས། དེའི་ཕྱིར། ཆེས་པོ་ལ་སི་ཡིས་སྤྱི་ཟླ་8པའི་ཚེས་20ཉིན་ནས་སྲིད་གཞུང་གིས་ལས་ཁུར་རྩ་དགོངས་ཞུས་པ་དང་འབྲེལ་འདེམས་བསྐོ་ཆེན་མོ་སྔ་སྣུར་བྱ་རྒྱུའི་བླང་བྱ་བཏོན།
     ཆེས་པོ་ལ་སི་ད་ཐེངས་སྲིད་སྟེགས་ཐོག་འགན་བླངས་རྗེས་མཉམ་འབྲེལ་སྲིད་གཞུང་འཛུགས་པ་དང་། རྒྱལ་སྲིད་ལས་ཁུངས་བཙུགས་རྗེས་ཁོའི་ལས་འགན་གཙོ་བོ་ནི་ཡོ་རོབ་མནའ་འབྲེལ་གྱི་གཙོ་འཛིན་དང་ངོ་འཕྲད་རྒྱུ་དེ་རེད། ཟླ་བ་རྗེས་མ་ནི་ཀེ་རི་སེས་རོགས་སྐྱོབ་འཆར་གཞི་ངོས་ལེན་བྱེད་པའི་ཞིབ་བཤེར་དུས་སྐབས་ཡིན། ཁོང་གིས་ངེས་པར་དུ་ཡོ་རོབ་མནའ་འབྲེལ་ལ་ཀེ་རི་སེའི་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་ཡིད་ཆེས་བྱེད་པའི་སྐད་ཆ་བཤད་དགོས། དེ་ལྟར་བྱས་ན་ད་གཟོད་བདེ་བླག་ངང་གྲོས་མཐུན་གསར་པའི་འོག་གི་རོགས་སྐྱོབ་དངུལ་བུན་ཡོ་སྒོར་དུང་ཕྱུར་860ཐོབ་ཐུབ། 
     རོགས་སྐྱོར་གྲོས་མཐུན་གསར་པའི་ནང་དུ་ཀེ་རི་སེས་ཁྲ་འབབ་མང་དུ་གཏོང་བ་དང་ཁྲོམ་ར་སྒོ་འབྱེད་བྱེད་པ། སྒེར་དབང་ཅན་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་བཅོས་སྒྱུར་དང་དམ་འཕྲི་བྱེད་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་ཡོད། ཆེས་པོ་ལ་སི་ཡིས་འདེམས་བཀོད་ཁྲོད་ནས་བཤད་རྒྱུར། དེ་གའི་ཏང་གིས་ནུས་ཤུགས་ཡོད་ཚད་ཀྱིས་སྐབས་གསར་བའི་དམ་འཕྲི་བྱེད་ཐབས་ཀྱིས་ཁྱེར་ཡོང་བའི་དཀའ་ངལ་ཇེ་ཉུང་དུ་གཏང་རྒྱུ་ཡིན་པ་དང་། དེས་རྒྱལ་ནང་གི་དམ་འཕྲི་ལ་ངོ་རྒོལ་བྱེད་པའི་སྒྲ་རླབས་ཞི་འཇམ་དུ་གཏང་བའི་རེ་བ་ཡོད།
   གཞན་དུ། སྲིད་གཞུང་གསར་པས་མུ་མཐུད་དུ་སྐྱབས་འཆོལ་བར་བྱེད་ཐབས་སྤྱོད་རྒྱུ་ཡིན། ད་ལོ་ནས་བཟུང་། སྐྱབས་འཆོལ་བ་ཧ་ལམ་མི་ཁྲི་30ཀེ་རི་སེར་སླེབས་ཡོད། སྐྱབས་འཆོལ་བ་མང་ཤོས་ཀྱི་འགྲོ་ཡུལ་ནི་དེ་བས་ཕྱུག་པའི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དག་ཡིན་མོད། འོན་ཀྱང་དེའི་ནང་གི་རྒྱལ་ཁབ་ཁ་ཤས་ཀྱིས་སྐྱབས་འཆོལ་བའི་སྲིད་ཇུས་རིམ་བཞིན་དམ་འཕྲིར་བཏང་བས། ཀེ་རི་སེ་ལ་འཕྲད་པའི་སྐྱབས་འཆོལ་བའི་གནོན་ཤུགས་སྔར་བས་ཇེ་ཆེ་རུ་ཕྱིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1