ཝང་ཏུང་མིང་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


   སྤྱི་ཟླ་10པའི་ཚེས་11ཉིན་ནས་ཚེས་14ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཆེད་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས། 
 ཉིན་གསུམ་གྱི་དུས་ཚོད་ནང་དུ། ཝང་ཏུང་མིང་ལྷན་ཕེབས་དང་བཅས་རླངས་འཁོར་བསྡད་དེ་སྤྱི་ལེ་བདུན་བརྒྱ་ལྷག་ཕྱིན་ཏེ། སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་དང་ཕྱག་ཕྲེང་རྫོང་རྭ་རྟགས་ཡུལ་ཤོག ཕྲེང་སྟོད་གྲོང་རྡལ་གྲོང་བདེ་གྲོང་། འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་བརྟེན་རེན་གྲོང་ཚོ། རེ་གོང་གྲོང་ཚོ་དང་དེ་བཞིན་སེབ་བདེ་གྲོང་ཚོ་སྤང་ཕུ་དགོན་དུ་ཕེབས་ནས། བོད་རིགས་ས་ཁུལ་གྱི་གཞི་རིམ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། ཡུལ་དངོས་སུ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ལས་ཀ་ལ་རྟོག་ཞིབ་གནང་།
   རྟོག་ཞིབ་གནང་སྐབས། ཝང་ཏུང་མིང་གིས་དཀར་མཛེས་ཁུལ་ཨུ། ཁུལ་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱེད་ཚུལ་དང་རྗེས་མའི་ལས་ཀའི་སྐོར་གྱི་སྙན་ཞུར་གསན་ཏེ། དཀར་མཛེས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། 
   ཝང་ཏུང་མིང་གིས་བསྟན་དོན། རང་རེའི་ཞིང་ཆེན་གྱི་བོད་ཁུལ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དུས་ཚོད་བྲེལ་ཚུབ་ཆེ་བ་དང་ལས་འགན་མང་ཞིང་ལྕི། འཕེལ་རྒྱས་རྒྱུན་འཁྱོངས་ལས་འགན་ཨང་དང་པོར་བརྩིས་ཤིང་། བོད་ཁུལ་ཀྱི་དོན་དངོས་ལ་དམིགས་ནས་ནུས་ཤུགས་ཆེན་པོས་ཁྱད་ལྡན་དཔལ་འབྱོར་གོང་འཕེལ་མགྱོགས་སུ་གཏོང་བ་དང་། ཞིང་ཆེན་ནང་ཁུལ་གྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་མཉམ་ལས་དང་ཧྥེ་དི་གླིང་ཁུལ་འཛུགས་སྐྲུན། ཇུས་འགོད་ཞིབ་ཚགས་དང་ཡུལ་བབ་བསྟུན་ནས་རྒྱུན་མཐུད་ངང་འབྲོག་དོར་རྩྭ་གསོ་དང་། ཤིང་འཛུགས་ནགས་བཟོའི་ལས་ཀ་བྱེད་ཤུགས་ཆེ་རུ་གཏང་ནས། ལྗང་མདོག་ཐོན་ཁུངས་ལ་བརྟེན་ནས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་དང་། དེང་རབས་ཀྱི་འབྲོག་ལས། དེང་རབས་ཀྱི་ནགས་ལས། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་བསྐྲུན་པ། དམངས་སྲོལ་རིག་གནས་དང་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་སྒོ་འབྱེད་མཉམ་ལས་སྐུལ་ཁྲིད་འོག་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་བ་བྱ་དགོས།
   ངེས་པ་དོན་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་དགོས། ཤུགས་ཆེན་པོས་དམངས་འཚོ་ལས་གཞིའི་འཆར་གཞི་དྲུག་ལག་བསྟར་བྱེད་དེ་གནས་སྨིན་དྲུག་དང་སྐོར་ཁག་ལྔ་ལ་གཞིར་བཟུང་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་ཀར་དམ་འཛིན་ལེགས་པོ་བྱ་དགོས། བོད་རིགས་ས་ཁུལ་གྱི་སྤྱི་པའི་གཞི་རྩའི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏང་ནས་སློབ་གསོ་ནི་མི་རབས་བར་དབུལ་པོ་འགོག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་དུ་བརྩིས་ནས། ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་དེ་བོད་རིགས་ས་ཁུལ་གྱི་ཕྲུ་གུ་དེ་བས་མང་བ་ཞིག་ལ་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་དང་ཞབས་ཞུ་བྱ་དགོས། 
   དྲང་གསུམ་ནན་གསུམ་གྱི་དགོངས་དོན་ལ་བརྟེན་ནས་བོད་ཁུལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་དར་ཆ་མཐོན་པོར་བསྒྲེངས་ནས། བཅའ་ཁྲིམས་བདུན་སྐྱེལ་བའི་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་དགོན་སྡེའི་དོ་དམ་ལམ་ལུགས་གསར་གཏོད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱ་དགོས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་བོད་རིགས་ས་ཁུལ་འཆམ་མཐུན་བརྟན་བརླིང་དང་། ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱེད་དགོས། མི་སེམས་འགུག་པའི་ལས་ཀ་ཁག་ངེས་པ་དོན་གྱིས་ཡག་པོ་སྒྲུབ་དགོས།སྤོབས་སེམས་ཆེན་པོས་བསམ་བློའི་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱ་དགོས་ལ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་བོད་རིགས་ས་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ཆེས་ཆེར་ལེགས་སུ་ཕྱིན་པ་མངོན་འགྱུར་བྱུང་བའི་གྲུབ་འབྲས་ཆེན་པོ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱ་དགོས། མུ་མཐུད་ནས་ཉེ་བ་ཆ་སྒྲིག་དང་དུད་ཚང་གྲྭ་བཙུན་མཉམ་སྦྲེལ་སོགས་ཀྱི་བྱེད་སྒོ་སོགས་སྤེལ་ནས། བོད་རིགས་ས་ཁུལ་གྱི་མང་ཚོགས་དང་གྲྭ་བཙུན་རྣམས་ཏང་ཨུ་སྲིད་གཞུང་དང་སེམས་ཕྱོགས་འགྲོ་ཕྱོགས་གཅིག་མཐུན་ཡོང་བར་ཁྲིད་སྟོན་བྱ་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་མི་བཀོལ་སྤྱོད་བྱེད་པའི་ཕྱོགས་སྟོན་གསལ་བ་དང་ཤུགས་ཆེན་པོའི་ངང་ནས་སྔོན་ཐོན་དཔེ་མཚོན་འཛུགས་ཏེ། རྒྱུན་མཐུད་ནས་ནུས་མེད་ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་ལེགས་སྒྲིག་བྱེད་དེ་ངེས་པ་དོན་གྱིས་ཏང་དོན་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁག་ཡག་པོ་སྒྲུབ་དགོས་ཞེས་གསུངས།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1