སྐབས་དང་པོའི་ནུབ་རྒྱུད་ནང་འདྲེན་འགྲེམ་ཚོགས་དང་རྒྱལ་སྤྱིའི་མ་འཇོག་ཚོགས་ཆེན་ཁྲེན་ཏུའུ་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


     སྐབས་དང་པོའི་ཀྲུང་གོའི་ནུབ་རྒྱུད་(སི་ཁྲོན)ནང་འདྲེན་འགྲེམ་སྟོན་དང་རྒྱལ་སྤྱིའི་མ་འཇོག་ཚོགས་ཆེན་ཁྲེན་ཏུའུ་རུ་ཚོགས་འགོ་ཚུགས། སྤྱི་ཟླ་10བའི་ཚེས་21ཉིན། ཁྲིན་ཏུའུ་ཚོང་འཕྲིན་ཚགས་པར་གྱི་གསར་འགོད་པ་ཡིས་ཤེས་རྟོགས་བྱུང་གསལ་ལྟར་ན། འགྲེམ་སྟོན་གྱི་འབྲེལ་ཡོད་ལས་ཀ་ཁག་གྲ་སྒྲིག་བྱས་ཚར་ཞིང་། མ་འཇོག་ཚོགས་ཆེན་གྱི་འབྲེལ་ཡོད་བྱེད་སྒོ་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་། འགྲེམ་ཚོགས་ལ་ཞུགས་མཁན་སྐུ་མགྲོན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཁྲེན་ཏུའུ་རུ་འབྱོར། འགྲེམ་ཚོགས་ནང་ཞུགས་མཁན་གྱི་རྒྱལ་ཁབ་དང་ས་ཁུལ་ཁྲོད་དུ་བརྒྱ་ཆའི་70ཙམ་ནི་ཁུལ་གཅིག་ལམ་གཅིག་རྒྱུད་ཀྱི་ཡིན། ཚེས་21ཉིན་གྱི་ཕྱི་དྲོར། ཁྲིན་ཏུའུ་ཚོང་འཕྲིན་ཚགས་པར་གྱི་གསར་འགོད་པས་འགྲེམ་ཁང་ནང་ནས་མཐོང་པར། བཟོ་ལས་མི་སྣ་རྣམས་ཀྱིས་བྲེལ་འཚུབ་ངང་འགྲེམ་སྟེགས་ལས་བཞིན་ཡོད་པ་དང་། འགྲེམ་ཁུལ་ཁ་ཤས་ཞིག་ལ་རྣམ་པ་རགས་ཙམ་ཆགས་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམ་ཚོགས་ཀྱི་འགྲེམ་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་8ཀྱི་ཡན་ཟིན་ཡོད་ལ། མ་འཇོག་མཉམ་ལས་ཀྱི་རྒྱ་ཆེ་རུ་གཏང་བ་དང་། ཉོ་ཚོང་འཕེལ་རྒྱས་ལ་སྐུལ་སྤེལ་གཏང་བ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པས།  རྒྱལ་སྤྱི་ཅན་དང་ཆེད་ལས་ཅན། ཚོང་ར་ཅན་དུ་འགྱུར་ཡོད། འགྲེམ་སྟོན་གྱིས་སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་སམ་འགག་རྩའི་ལྷུ་ལག་ཆེ་ཆུང་དང་། ཞབས་ཞུའི་ཉོ་ཚོང་། འཛད་སྤྱོད་དངོས་རྫས་བཅས་ཁག་ཆེན་པོ་གསུམ་གཙོ་བོར་བྱས་ནས། རྒྱལ་སྤྱིའི་མཉམ་ལས་ཡོ་རོབ་དང་ཨ་རིའི་ཁང་དང་། རྒྱལ་སྤྱིའི་མཉམ་ལས་འཇར་པན་དང་ལྷོ་ཁོ་རེ་ཡའི་ཁང་། ས་ཁོངས་མཉམ་ལས་ཁང་། རིག་ནུས་རླངས་འཁོར་འགྲེམ་ཁང་། རྒྱལ་སྤྱིའི་མཉམ་ལས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨེ་ཤེ་ཡ་ལྷོ་མའི་ཁང། རྒྱལ་སྤྱིའི་དར་ཁྱབ་ཀྱི་འགྲེམ་ཁང་སོགས་འགྲེམ་ཁང་ཆེན་པོ་དྲུག་བཙུགས་ཡོད་པར་མ་ཟད། ཆེད་དོན་གྱི་ལྷན་སྦྱར་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1