ཐེ་བོ་ས་ཁུལ་གྱི་གནའ་གཤིས།

དགེ་གཉེན། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-21



    ད་ལོའི་རྒྱལ་ཡོངས་ཀྱི་བོད་ཡིག་གཏོང་སྦྱོར་མཐུན་སྦྱོར་ཚོགས་འདུ་མཇུག་རྫོགས་མ་ཐག་ཐེ་བོ་རྫོང་རིག་གནས་ཁང་གི་གདན་ཞུས་ལྟར་ཁོ་བོ་གངས་ལྗོངས་ཉི་གཞོན་དུས་དེབ་ཀྱི་གསར་འགོད་པ་རྣམས་དང་ལྷན་དུ་གཙོས་ནས་བར་ཐག་ལེ་བར་230ཡོད་པའི་ཐེ་བོ་རུ་བཅར་འདྲི་བྱེད་སར་ཕྱིན།
ཐེ་བོ་རྫོང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་། བྱང་དུ་ཅོ་ནེ་རྫོང་དང་འབྲུག་ཆུ་རྫོང་དང་འདབས་འདྲེས་པ། ཤར་བྱང་མཚམས་སུ་ཏང་ཕྲང་རྫོང་དང་མཚེས་མར་བཅར། ནུབ་དང་ལྷོ་ནི་སི་ཁྲོན་ཞིང་ཆེན་གྱི་མཛོད་དགེ་རྫོང་དང་གཟི་ཚ་སྡེ་དགུ་རྫོང་ལ་འབྲེལ་ཞིང་། མི་འབོར་གྱི་ཁ་གྲངས་ལས་བོད་རིགས་ཀྱིས70%ཡན་ཟིན་འདུག་ལ། ཡུལ་དེའི་གཞི་འཛིན་མི་རིགས་ཀྱང་ཡིན་ཏེ། ཞིང་ལས་དང་ཕྱུགས་ལས་དང་ནགས་ལས་སོགས་གཉེར་བཞིན་ཡོད་ཅིང་རྫོང་འདིའི་སྲོལ་རྒྱུན་གྱི་ལས་རིགས་གཙོ་ཤོས་ཀྱང་ཡིན། ལྟ་ན་སྡུག་པའི་རྫོང་མཁར་ནི་རྫོང་དེའི་ཡུལ་ཁོད་ཀྱི་ནུབ་རྒྱུད་དུ་གྱུར་པའི་འབྲུག་ཆུའི་བྱང་ལོགས་འགྲམ་དུ་གནས།
ཐེ་བོ་ཡི་མིང་གི་བྱུང་ཚུལ་དང་ལོ་རྒྱུས་རྒྱབ་ལྗོངས།
    རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་ལྟར་ན། ལྷོ་བྱང་རྒྱལ་རབས(南北朝) སྐབས་སུ་ལྡེ་ཅུ་(叠州)ཞེས་པའི་སྲིད་འཛིན་ས་ཁུལ་དེ་ཀྲའུ་བྱང་མ་(北周)ཟེར་བའི་རྒྱལ་ཕྲན་གྱི་མངའ་རིས་སུ་གཏོགས་ཤིང་། དེ་ནི་སྤྱི་ལུགས་ཀྱི་577ལོ་ལ་ཁེལ་ཡོད་པས། སྲིད་འཛིན་ས་ཁུལ་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཀྱང་ཧ་ཅང་སྔ་བ་རེད། བོད་ཆེན་པོའི་དམག་དཔུང་གིས་ཡུལ་སྡེ་འདི་རྩད་པའི་ལོ་ཚིགས་ནི་ཐང་རྒྱལ་རབས་ཀྱི་ཧྲང་ཡོན(上元)ཁྲི་ལོ་གཉིས་པ་སྟེ། སྤྱི་ལོ་675 ཡིན་རབས་བཤད་ཡོད། གོང་ཞུས་ལྟར་ན། བོད་ཆེན་པོའི་མངའ་ཁོངས་སུ་མ་གྱུར་སྔོན་ནས་ས་མིང་ལ་ལྡེ་ཐོགས་ཡོད་པ་ཤེས་ཐུབ། དེང་སང་ཐེ་བོ་ཞེས་པ་བརྡ་གསར་ཚུལ་ཡིན་མོད། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་ནང་ནས་叠部དང་迭部བྲིས་ཡོད་དེ། བརྡ་རྙིང་གི་སྒྲ་སྟེ་ལྡེའུ་ཡིན་དགོས་ཏེ། ཏུན་ཧོང་ནས་ཐོན་པའི་བོད་ཡིག་ལོ་རྒྱུས་ཡིག་ཆ་ནང་དུ་སྔར་གཉའ་ཁྲི་བཙན་པོའི་སྐབས་ཀྱི་ངག་རྒྱུན་འཁོད་པ་དག་ནས། སྐབས་དེ་དུས་ཤིག་ནས་སྤུར་རྒྱལ་གྱི་ཤར་ཕྱོགས་ན་ལྡེའུ་ཟེར་བའི་ཡུལ་སྡེ་ཆེན་པོ་ཞིག་ཡོད་པ་ཤེས་ལ། དེ་ནི་རྒྱ་ཡིག་ལོ་རྒྱུས་དེབ་ཐེར་ལས་ཞང་རོང་ལྡེ་(羌戎氐)ཟེར་བའི་ལྡེ་ཡང་ཡིན་དགོས་འདུག དེ་ལྟ་ན། གནའ་དཔྱད་སྔོག་འདོན་དང་ལོ་རྒྱུས་ཡིག་ཆ་བར་ནས་ཕན་ཚུན་ར་འཕྲོད་ཅིང་། ཡུལ་སྡེ་འདི་ཉིད་ལ་ལོ་རྒྱུས་རིང་བོ་ཡོད་པའང་བདེན་དཔང་བྱེད་ཐུབ། 
ཐེ་བོའི་གནའ་སྲོལ་གྱི་ཉམས་འགྱུར་ལྡན་པའི་ཡུལ་སྲོལ་གོམས་གཤིས།
ཁང་ལས།
    ཡུལ་སྡེ་འདི་ན་གནའ་གཤིས་དང་ལྡན་པའི་ཡུལ་སྲོལ་ཡང་མང་སྟེ། ལུགས་རྙིང་གི་ལྔ་པའི་ཚེས་ལྔ་ཉིན་དེ་ཨ་མདོའི་ཡུལ་གྲུ་ལ་ལ་ནས་ལྔ་བའི་སྦ་ཞུ་ཟེར་བའི་ཀླུ་མཆོད་ཀྱི་དུས་ཆེན་ཞིག་ཡོད་པ་དེ་ཐེ་བོ་རྫོང་ནའང་ཡོད་ཅིང་། མིང་གི་འབོད་ཚུལ་འུ་ཝ་ཝ་རྒྱལ་ཟེར། སྟོན་ཀ་ལོ་ཏོག་གསར་པ་ལོན་ཕྱིན་ལྟོ་བ་ཞེས་པའི་ཟས་སྦྱིན་དུས་ཆེན་ཞིག་ཡོད་པ་དེ་ནི་བོན་སྲོལ་དང་འདྲ་བའི་ཀླུ་བ་ོཟེར་ས་ཞིག་གིས་ཆོ་གའི་འགོ་སྐྱོང་བ་ཡང་གནའ་སྲོལ་འབའ་ཞིག་ལགས། དགུན་འགོ་རྩོམ་དུས་ཁྱི་རའི་དུས་ཆེན་སྤེལ་རྒྱུ་ཡོད་ལ། རྔོན་པ་ཐུ་བོ་ལ་རྩིས་ཆེ་བའང་གནའ་སྲོལ་ཞིག་ཏུ་སྣང་། ཞབས་བྲོ་རྒྱག་སྟངས་སྣ་ཚོགས་ཡོད་པ་དང་། དེའི་ནང་ནས་གར་པས་གར་འཁྲབ་པ་དང་། དམག་ཤོག་གིས་གཡུལ་བཤམས་པ་མཚོན་པའི་བྲོ། རྡོག་ཟློས་ཟེར་བའི་བྲོ་བཅས་ཀྱང་གནའ་སྲོལ་གྱི་ཉམས་འགྱུར་སྣང་བ་རེད། ཡུལ་སྐད་ནས་ལོག་ལོག་(རྡོག་རྡོག་བྱས་པའི་དོན)དང་ཅ་རགས(ཕན་ཚུན་ལག་པ་བཟུང་སྟེ་འགུལ་སྐྱོད་ལ་ཅ་ཅ་ཟེར་ལ། དེ་ལྟར་ཆུ་རགས་ལྟ་བུའི་དབྱིབས་ལ་ཟེར། ཁ་ཅིག་གིས་ཅ་སྒྲ་ནི་ཕྱ་ནས་འགྱུར་ཡོང་བ་དང་། ཕྱ་ནི་ཕྱག་ནས་འགྱུར་ཡོང་བ་སོགས་འགྲེལ་རྒྱག་ཚུལ་ཡང་ཡོད།)ཟེར་བའི་བྲོ་སྟབས་དེ་མཱ་ཀྱཱ་ཡོ་རིག་གནས་སུ་གཏོགས་པའི་རྫ་ཆས་སྟེང་གི་བྲོ་སྟབས་དང་ཤིན་ཏུ་འདྲ་བས། མཁས་པ་ལ་ལས་གནའ་བོའི་ཞང་པའི་བྲོ་སྲོལ་ཡིན་རབས་ཟེར།
 ཐེ་བོ་རྗོང་གི་སྟོད་རྒྱུད་ཀྱི་ཁང་པ་ལས་ཚུལ་ལའང་གནའ་སྲོལ་གྱི་ཁྱད་ཆོས་ལྡན་འདུག ཁང་ཀླད་དེ་ཤིང་ལེབ་གཤགས་ཏེ་སྒ་ཚིགས་ནས་མར་ཤིང་ལེབ་དེ་དག་གཅིག་མཐའ་གཅིག་གིས་མནན་པའི་ཚུལ་དུ་བསྟར་བ་ལ་རྡོ་ལེབ་ཀྱིས་བརྟན་ཐབས་བྱས་ཡོད། རྒྱ་ཡིག་གི་གནའ་བོའི་སྙན་ངག་དཔེ་ཆ་སྟེ<<སྙན་ངག་བརྒྱུས་པ>><<诗经>>དང་<<མའོ་བཟའི་སྙན་ངག་གི་རྒྱུད>><<毛诗传>>སོགས་ནས་བརྗོད་ཡོད་པའི་ནུབ་ཕྱོགས་རོང་གི་ཤིང་ཁང་ཟེར་བ་དེ་ཡིན་པར་གྲགས། <<ཆུ་རྒྱུས་ཀྱི་མཆན་ལས་བེ་ཆུ>><<水经注•渭水>>ཞེས་པའི་གནའ་རྩོམ་ནས་ཡུལ་དེའི་གནས་ཚང་ཤིང་ལེབ་བཀབ་པའི་ཁང་བ་ཡིན་ལ། སྙན་ངག་བརྒྱུས་པ་ལས་ནུབ་ཕྱོགས་རོང་གི་ཤིང་ལེབ་ཀྱི་ཁང་བའོ་ཟེར་བ་དག་གིས་བདེན་དཔང་ཐུབ་པ་ལྟར། ཁང་བ་ལས་པའི་སྲོལ་དེ་ཡང་ཤིན་ཏུ་བྱུང་སྔ་བ་རེད། དེ་མ་ཟད་ཡུལ་མི་དག་གིས་དཔུང་ལག་བརྐྱངས་འདྲའི་ཤིང་ཟམ་ཟེར་བའི་རིགས་དེའི་ལས་སྲོལ་ཡང་། <<ཆིན་ཅུའི་ཟིན་བྲིས>><<秦州记>>ཞེས་པའི་རྒྱ་ཡིག་གི་གནའ་དཔེ་ནང་དུ་འཁོད་ཡོད་པས་བཟོ་སྲོལ་དེ་བྱུང་སྔ་ཚུལ་ཤེས་ཐུབ།
གྱོན་ཆས།
    ཐེ་བོ་ཁོག་གི་ཁ་པ་དང་། སྟག་ར། ཉིན་ངོ། བང་ཚང་། རྡོ་ར། འ་ཞ་སོགས་ཡུལ་སྡེ་དུ་མའི་བུད་མེད་ཀྱི་གོན་པ་ནི་ཡུལ་སྡེ་གཞན་དང་ཁྱད་ཆེ་སྟེ། ཁ་ཅིག་གིས་ཏུན་ཧོང་ལྡེབས་རིས་ནང་ན་འཁོད་པའི་སྤུར་རྒྱལ་སྐབས་ཀྱི་མོ་གོས་དང་ཉེ་མཚུངས་ཡིན་འདུག་ཟེར། ཐེ་བོ་རྫོང་སྨད་རྒྱུད་ཀྱི་མོ་གོས་ནི་སི་ཁྲོན་ཁོངས་ཀྱི་ཆའང་རིགས་ཀྱི་གོན་པ་དང་འདྲ་ལ། མངོན་པར་གསལ་བའི་གནའ་གཤིས་ལྡན་འདུག་པ་རེད། ཡུལ་མི་ཚོས་ཆེ་རྗེ་གོང་པ་ཟེར་ལ། ལ་ལས་རྙིང་མ་བའི་སྔགས་པའི་རིགས་སུ་ངོས་འཛིན་ཞིང་། ལ་ལས་བོན་པོར་ངོས་འཛིན་ཏེ། དེ་དག་གི་ཞྭ་མོ་ནི་སྟོན་པ་གཤེན་རབ་ལ་དད་པའི་འཇང་རིགས་ཀྱི་ལྷ་པའི་ཞྭ་མོ་དང་ཤིན་ཏུ་འདྲ་བ་རེད།
ཡུལ་སྐད།
    ཐེ་བོ་ཡུལ་སྐད་ནང་ན་བརྡ་རྙིང་མང་བ་དང། སྒྲ་གདངས་ཀྱི་ཆ་ནས་བརྟགས་ན། དེང་གི་དབུས་གཙང་སྐད་དང་མཐུན་པའི་ཁག་གཅིག་དང་། ད་ལྟའི་ཨ་མདོའི་སྐད་དང་མཐུན་པའི་ཁག་གཅིག་འདྲེས་བསྡད་ཡོད་པའི་སྣང་བ་སྐྱེས་ཡོང་ཞིང་། དེ་མ་ཟད་དེང་དུས་ཡུལ་སྡེ་གཞན་ནས་མ་ཐོས་ལ། ཡིག་རྙིང་ནའང་འཁོད་པ་མ་མཐོང་བའི་མིང་བརྡ་སྤྱོད་ཚུལ་ཡང་ཡོད་དེ། དཔེར་ན། འ་ཞ་ཤང་གི་ཤང་ཀྲང་སྟེ་ལིས་ཝུ་ཧྲིད་ཆིས་ནས་ངོ་སྤྲོད་བྱུང་བ་ལྟར། གྲངས་ཀའི་དྲུག་ལ་ཇུག་ཟེར་བ་དང་། བཅུ་ལ་ཐམ་པ་ཟེར་བ་དང་། ཉུ་ཤུ་ལ་ཁེ་ཟེར་བ་དང་། སུམ་བཅུ་ལ་ཁེ་ཡས་ཐམ་པ་ཟེར། བཞི་བཅུ་ལ་ཁེ་གཉིས་ཟེར། ལྔ་བཅུ་ལ་ཁེ་གཉིས་ཐམ་པ་ཟེར། དྲུག་བཅུ་ལ་ཁེ་གསུམ་ཟེར། བདུན་བཅུ་ལ་ཁེ་གསུམ་ཐམ་པ་ཟེར། བརྒྱད་བཅུ་ལ་ཁེ་བཞི་ཟེར། དགུ་བཅུ་ལ་ཁེ་བཞི་ཐམ་པ་ཟེར། བརྒྱ་ཐམ་པ་ལ་རྫ་ཅིས་ཟེར། བརྒྱ་ཕྲག་གཅིག་དང་བརྒྱ་ཕྲག་གཉིས་ལྟ་བུ་ལ་རྫ་བ་ཅིས་དང་རྫ་བ་གཉིས་ཟེར། རྒྱ་རིགས་ཀྱི་མི་རིགས་ངོས་འཛིན་པའི་སྒྲ་ལ་རྫ་རིགས་ཟེར། འདི་བཞིན་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་སྣང་འདུག་པ་རེད།
ཡུལ་གྲུ་དེའི་ཡུལ་སྐད་དང་གོང་གླེང་ཡུལ་སྲོལ་དག་ནས་ཤེས་རྒྱུ་ལ་ཐེ་བོ་རྫོང་ནི་གནའ་སྲོལ་རིག་གནས་ཀྱི་འདུ་ཤོམ་བང་མཛོད་ལྟ་བུ་ཞིག་རེད་ཟེར་ཆོག་ལ། ང་རང་དེ་གར་བཅར་འདྲིའི་དུས་ཡུན་ཧ་ཅང་ཐུང་བས། གོང་གླེང་གནའ་གཤིས་ལྡན་པའི་ཡུལ་སྲོལ་དེ་དག་ལ་ཞིབ་ཟབ་ཆ་རྒྱུས་མ་ལོན་པས་ན། རྫོང་དེའི་བོད་རིག་མཁས་པ་གཡང་དབང་ཚེ་ལགས་ཀྱིས་བརྩམས་གནངས་བྱུང་བའི་རྒྱ་ཡིག་གི་དེབ་སྟེ། <<རྣམ་པར་བཀྲ་བའི་ཐེ་བོ་>><<多彩迭部>>དང་། ཐེ་བོ་རྫོང་གི་ཟིན་བྲིས་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ནས་བསྒྲིགས་པའི་<<ཐེ་བོ་རྫོང་གི་ལོ་རྒྱུས།>><<迭部县志>>སོགས་ཡིག་ཆ་ལ་ཟུར་ལྟ་བྱས་པ་ཡིན་ལ། རང་གིས་དཔྱད་པ་མི་ཐོངས་ཤིང་གཞན་ལ་ཞུ་འདྲི་མ་བྱུང་བའི་སྐོར་ནི་སྐབས་འདིར་བརྗོད་མ་ཕོད་དེ། རྗེས་སོར་འདིའི་སྐོར་ལ་དོ་སྣང་ཡོང་རྒྱུ་གལ་ཆེ་སྙམ་ནས་འདི་ཙམ་ཞུས་པ་ཡིན་མོད། མ་དག་པ་འདྲ་བྱུང་ན། དག་སྟོན་དག་འཆའ་ཡོད་པར་རེའོ། ། 
ཐེ་བོ་ནས་རྡོ་ཆས་གསར་པའི་དུས་ཀྱི་རྫ་ཆས་ཁྲ་བོ་རྙེད།
   ང་ཚོ་ཐེ་བོ་ལ་དགོང་མོ་ཞིག་དང་ཉིན་ཕྱེད་ཙམ་ལས་སྡོད་ཡུན་མེད་པས། རྫོང་མཁར་མ་གཏོགས་ས་ཆ་གཞན་ལ་འགྲོ་མ་ཐུབ་ཀྱང་། གྲོགས་པོའི་མཚམས་སྦྱོར་ལ་བརྟེན་ནས་རྫོང་རིག་གནས་ཁང་གི་མགོ་དཔོན་ཝང་ཝུའེ་ཏུང་དང་། ལས་བྱེད་པ་ཧུའུ་ལི་གོ རྫོང་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥན་ཞོ་ཕིང་། འ་ཞ་ཤང་གི་ཤང་ཀྲང་ལིས་ཝུ་ཧྲི་ཆི་སོགས་ཀྱིས་སྣེ་ལེན་མཚམས་སྦྱོར་འོག་རྫོང་རིག་གནས་བཤམས་སྟོན་ཁང་དང་ཉེ་འཁོར་དུ་གནས་ཚུལ་རྒྱུས་ལོན་བྱས།
    1998ལོར་རྫོང་ཁོངས་ནས་རྡོ་སྒྲོམ་བང་སོ་དུ་མ་རྙེད་པ་དང། མཱ་ཀྱཱ་ཡོ་རིག་གནས་སུ་གཏོགས་པའི་རྫ་ཆས་འགའ་ཤས་ཐོན་པར་བརྟགས་ན། དེང་ལས་ལོ་ངོ་ལྔ་སྟོང་ཡས་མས་ནས་གནའ་མི་རྣམས་འཚོ་གཞེས་བརྟེན་ས་ཡིན་པ་ཤེས་ཤིང་། དེ་བས་ཅུང་ཟད་འཕྱིས་པའི་ཆཱི་ཀྱཱ་རིག་གནས་སུ་གཏོགས་པའི་རྫ་ཆས་ཀྱང་རྙེད་ཐོན་བྱུང་ཡོད་པས། ཞང་པའི་མེས་པོ་རྣམས་ཀྱི་ཕ་ས་ཕ་ཡུལ་དུ་གྱུར་པའི་ལོ་རྒྱུས་ཤིན་ཏུ་རིང་བའང་ཤེས་ཐུབ་པ་རེད། རྫོང་རླངས་འཁོར་ས་ཚུགས་བསྐྲུན་ཡོད་ས་ནི་མཱ་ཀྱཱ་ཡོ་རིག་གནས་ལ་གཏོགས་པའི་རྡོ་སྒྲོམ་བང་སོ་དང་དེའི་ནང་ལ་སྦས་པའི་རྫ་ཆས་ཁྲ་བོ་རྙེད་ས་ཡིན་པས། ངེད་ཅག་སྐབས་དེའི་གནའ་དཔྱད་སྔོག་འདོན་ལ་ཞུགས་པའི་ཧུའུ་ལི་གོ་ལགས་ཀྱི་སྣེ་འཁྲིད་འོག་དེ་གར་ལྟ་རུ་སོང་ཡང་ད་ལྟ་ཤུལ་རྗེས་ཙམ་ཡང་མི་སྣང་བ་རེད། དེ་ནས་ང་ཚོ་རྫོང་མཁར་དང་ཐག་ཉེ་སའི་ར་ལུང་(然闹) ཟེར་བའི་ས་ཆར་སོང་བས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་50ཙམ་ཡོད་པའི་ས་གནས་དེ་རུ་ད་ལྟའང་གྱང་ར་དང་མཁར་རྫོང་གནའ་ཤུལ་ཡང་དག་འདུག་ཅིང་། དེང་སང་ཡང་མཁར་ཤུལ་སོགས་སུ་རྫ་ཆས་ཆག་རོ་མང་ཙམ་རིག་རྒྱུ་འདུག ས་གནས་དེ་ད་ལྟ་ཞིང་ཆེན་རིམ་པའི་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཞག་ཡོད། ། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1