༄༅།།ཚེ་དབང་ལྷ་མོ།

མཁའ་འགྲོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ངེད་འདྲ་བ། སྤེལ་དུས། 01-14


བོད་རིགས་བུད་མེད་ཁྲོད་ཀྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐོག་མ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོའི་མི་ཚེའི་བརྒྱུད་རིམ་དང་ཕྱིར་རྟོག

  ད་སྐབས་ང་ཚོས་སློབ་གསོའི་ཁྱབ་ཁོངས་ནང་ནས་འདི་ལྟ་བུའི་གནས་ལུགས་ཤིག་འཆད་པར་སྤྲོ་སྟེ། དེ་ནི་གལ་སྲིད་བུ་ཞིག་གསོ་སྐྱོང་བྱས་པ་ཡིན་ན་སྤྱི་དམངས་ཤིག་གསོ་སྐྱོང་བྱས་པ་དང་མཚུངས་ལ། གལ་སྲིད་བུ་མོ་ཞིག་གསོ་སྐྱོང་བྱས་པ་ཡིན་ན་མི་རིགས་ཤིག་གསོ་སྐྱོང་བྱས་པ་དང་གཉིས་སུ་མེད་ཟེར། གནས་ལུགས་འདི་དོན་ལ་གནས་པ་ཞིག་ཡིན་མིན་ང་ཚོས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོའི་སློབ་སྦྱོང་གི་གོ་རིམ་དང་སློབ་གསོའི་བྱ་གཞག་གི་ཁྲོད་ནས་བརྡར་ཤ་གཅོད་ཐུབ་པའི་གདེང་ཚོད་ཅིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། དེར་བརྟེན་ང་ཚོས་དྲི་བ་དང་དམིགས་ཡུལ་འདི་འདྲ་ཞིག་ཡིད་ལ་བཅངས་ནས་དགེ་རྒན་ཁོང་གི་མི་ཚེའི་བརྒྱུད་རིམ་ལ་ཕྱིར་རྟོག་ཅིག་བྱ།

1987ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་མཁས་དབང་ནམ་མཁའ་ནོར་བུ་དང་ལྷན་དུ་བསྐྱོན་པའི་མཉམ་པར།

  ང་ཚོའི་ལག་ལ་འབྱོར་བའི་འབྲེལ་ཡོད་ཡིག་ཆ་ལྟར་ན། དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོ་ལགས་ནི་1959ལོའི་ཟླ12པའི་ཚེས་26ཉིན་ཁམས་རྫ་ཡུལ་འགུ་ལག་ཅེས་པའི་ས་ཆ་ཞིག་ཏུ་ཐོག་མའི་ལྟེ་ཕྲག་ས་ལ་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་ཚེ་སྲོག་གསར་པ་ཞིག་གསར་དུ་བྱུང་བའི་བཀྲ་ཤིས་རྟགས་མཚན་གསལ་པོར་བསྟན་པ་རེད། འོན་ཀྱང་སྐྱེས་འགྲོ་ཐམས་ཅད་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་མདོ་དབུས་མཐོ་སྒང་གི་གནས་འདིར་མཚོན་ན། འདི་ལྟ་བུའི་ཚེ་སྲོག་གསར་པ་ཞིག་གསར་དུ་ཐོན་པ་ནི་འཁོར་བའི་ཆོས་ཉིད་དང་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡིན་རུང་། ཟང་ཟིང་གིས་ཁེངས་པའི་ལོ་ཟླ་དེ་ལྟ་བུ་ཞིག་གི་ནང་ནས་སྐྱེས་པ་དང་། ལྷག་པར་དུ་སྐྱེས་སྐར་གྱི་ཟླ་ཚེས་འདི་ལྟར་གསལ་པོ་ཞིག་ཡོད་པ་དེས་དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོ་ཁོ་རང་འཇིག་རྟེན་མི་ཡུལ་དུ་ཚེ་སྲོག་གསར་པ་ཞིག་གི་སྣང་ཚུལ་གྱིས་ཐོན་པ་ནི་ཁོང་གི་མ་ཡུམ་དང་ཡང་ན་མི་རིགས་འདི་ལ་མཚོན་ན་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་མ་ཡིན་པའི་རྟགས་མཚན་ཞིག་དང་ཚོར་སྣང་ཞིག་ང་ཚོ་ལ་གཞི་ནས་སྐྱེས་བྱུང་། 

  ལོ་ཟླ་དེ་ནི་གྲང་རླུང་རྩུབ་མོས་རུས་རྐང་ལ་ན་ཟུག་དྲག་པོ་འབྱིན་ཞིང་། འཐོར་རླུང་དྲག་པོས་ཡོད་ཚད་གཞོམ་གཞིག་བཏང་བའི་དགུན་ཟླ་རིང་མོ་ཞིག་ཡིན་ན་ཡང་། དབྱིན་ཇིའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་གྲགས་ཅན་ཞུའེ་ལའེ་ལགས་ཀྱིས་དགུན་ཁ་སླེབས་ཚར་བས། དཔྱིད་ཀ་ད་དུང་འགོར་རྒྱུ་རེད་དམ་ཟེར་བ་ལྟར། དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོར་མཚོན་ན་དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་ཚེ་སྲོག་གསར་པ་ཞིག་གི་གཉོམ་ལག་རིམ་གྱིས་རྒྱས་ནས། མི་ཚེའི་གོ་རིམ་ནང་གི་རེ་བ་དང་འོད་སྣང་གིས་གཏམས་པའི་དཔྱིད་དཔལ་གསར་པ་ཞིག་ཚུར་ལ་བསུས་ཡོང་བ་རེད། དེ་ཡང་1972ལོར་ལོ་ན་བཅུ་གསུམ་ལས་མེད་པའི་བུ་མོ་ཆུང་ཆུང་ཞིག་རང་གི་ཕ་ས་ཕ་ཡུལ་དང་ཁ་བྲལ་ནས་ནང་ལོགས་ཀྱི་ཞཱན་དབྱང་གྲོང་ཁྱེར་དུ་ཆགས་པའི་བོད་ལྗོངས་མི་རིགས་སློབ་གླིང་གི་སྟ་གོན་འཛིན་གྲྭ་དྲུག་པའི་ནང་ལ་ཞུགས་ནས་སློབ་གཉེར་གྱི་སྐལ་བ་བཟང་པོ་ཞིག་བྱུང་བ་ནི་ལོ་ཟླ་དེ་ལྟ་བུའི་ངོས་ཐད་ནས་བལྟས་ན། ང་ཚོས་ཀྱང་བུ་མོ་འདི་ལས་ཅན་ཞིག་རེད་ཅེས་མི་སྨྲ་ཐབས་མེད་རེད། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་བུ་མོ་ཆུང་ཆུང་འདིས་ལས་དང་སྐལ་བ་བཟང་པོ་འདི་ཆུད་ཟོས་སུ་མ་བཏང་བར་རྐང་དྲུག་བུང་བས་མེ་ཏོག་གི་རྩི་བཅུད་ལེན་པ་བཞིན་ཤེས་བྱའི་གནས་མཐའ་དག་ལ་འབད་བརྩོན་ལྷོད་མེད་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་པའི་འབྲས་རྟགས་སུ་རྒྱལ་ཡོངས་ནས་མཐོ་རྒྱུགས་བྱ་གཞག་ཆེན་མོ་སླར་གསོ་བྱེད་པའི་ལོ་ཐོག་མ་སྟེ། 1976ལོར། དུས་ད་ལྟའང་ང་ཚོའི་བོད་རིགས་གཞོན་སྐྱེས་སློབ་མ་རྣམས་ཀྱི་རེ་བའི་ཞིང་ཁམས་སུ་བསྔགས་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་ནས་མི་ཚེའི་གོ་རིམ་གསར་པ་ཞིག་ལ་དབུ་འཁྱུད་བྲིས། དེ་ནས་བཟུང་ཚེ་དབང་ལྷ་མོ་ཞེས་པའི་མིང་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་པའི་དགའ་ཚལ་འདི་ནས་རྩ་བ་རྒྱས་ཤིང་རྩེ་མོ་འབུས་ལ། ཁྱད་པར་དུ་བགྲང་བྱ་བཞི་ཡི་རིང་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་དང་མཉམ་དུ་ཤེས་བྱའི་གནས་ལ་འབད་བརྩོན་ལྷོད་མེད་བྱས་ནས་གྲུབ་འབྲས་འབུར་དུ་ཐོན་པ་བླངས་པས། 1980ལོར་ཚེ་དབང་ལྷ་མོ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་མ་ཐག་སློབ་གྲྭ་དེའི་དགེ་རྒན་དུ་བསྐོ་བཞག་བྱས། དེ་ནས་བཟུང་ཚེ་དབང་ལྷ་མོ་ལ་ཤེས་བྱའི་འབྱོར་བས་དབུལ་བའི་སྐལ་ལྡན་གདུལ་བྱ་རྣམས་ལ་རིག་པའི་མཛོད་སྒོ་ཕྱེ་ནས་མི་ཚེའི་ལམ་རྒྱགས་དྲོན་མོ་གནང་བའི་དགེ་བའི་བཤེས་གཉེན་གྱི་མཚན་སྙན་ཐོབ་པ་མ་ཟད། བསིལ་ལྡན་ཁ་བའི་ལྗོངས་ཀྱི་གངས་རིའི་བུ་ཕྲུག་ཆུ་བོའི་རྒྱུན་བཞིན་སྐྱོང་བའི་མི་རིགས་ཤིག་གི་མ་ཡུམ་ལྟ་བུའི་གྲས་སུ་ཚུད།


           1994ལོར་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་ང་ཕོད་ངག་དབང་འཇིགས་མེད་དང་མཉམ་དུ་བསྐྱོན་པའི་འདྲ་པར།

  ལོ་དེར་དགེ་རྒན་ཚེ་དབང་ལྷ་མོར་མཚོན་ན། ལོ་ཉེར་གཅིག་ལས་ཕྱིན་མེད་ན་ཡང་རང་གིས་ཕྲག་ལ་བབས་པའི་འོས་འགན་དང་དུ་བླངས་ཏེ། ཕྱོགས་སོ་སོ་ནས་རྐང་དྲུག་བུང་བའི་ཚོགས་བཞིན་འདུས་ཡོང་བའི་བོད་རིགས་སློབ་མ་རྣམས་ལ་ཤེས་བྱའི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བའི་ལས་ལ་རྩེ་གཅིག་གིས་འབད་བརྩོན་གང་ལེགས་གནང་བར་མ་ཟད། ཁྱད་པར་དུ་ཁོ་རང་བོད་ཀྱི་བརྡ་སྤྲོད་རིག་པ་ལ་དུངས་ཞེན་ཆེ་བ་ཡིན་ནམ། ཡང་ན་རང་གི་གཉུག་གཤིས་སུ་འཐིམས་པའི་མ་ཡུམ་གྱི་བརྟུལ་ཞུགས་དང་དུ་བླངས་པ་ཡིན་ནམ། གང་ལྟར་འཇིག་རྟེན་གྱི་ཁམས་འདི་ནས་ཨ་མས་ང་ཚོའི་སྨྲ་སྒོ་ཐོག་མར་ཕྱེ་བར་མ་ཟད། ཕར་བཤད་ཚིག་གི་སྒྲ་དག་པ་དང་ཚུར་བཤད་གཏམ་གྱི་དོན་གོ་བའི་སྐད་ངག་ཅིག་ཐོག་མར་སླེབས་ནས་ང་ཚོ་ལ་མི་སྨྲ་ཤེས་ཤིང་དོན་གོ་བའི་མིའི་མཚན་ཉིད་བསྩལ་བ་བཞིན། དགེ་རྒན་ཚེ་དབང་ལྷ་མོས་ཀྱང་མི་རིགས་ཤིག་གི་མཚན་ཉིད་ཚང་ཐུབ་མིན་ནི་སྐད་དང་ཡི་གེ་ལ་རག་ལས་པ་དང་། མི་རིགས་ཤིག་དང་མི་རིགས་དེའི་རིག་གནས་དུས་ཡུན་རིང་པོར་གནས་ཐུབ་མིན་ནི་མི་རིགས་དེའི་སྐད་དང་ཡི་གེ་ལ་རག་ལས་པའི་ངེས་ཤེས་ཟབ་མོ་ཞིག་ཡིད་ལ་བཅངས་ནས། ཨ་མས་རང་གི་བུ་ཕྲུག་ལ་སྐད་བརྡ་སློབ་པ་ལྟར་མི་རིགས་འདི་ལ་བརྡ་སྤྲོད་བཟང་པོ་ཞིག་བསླབ་དགོས་པའི་དམ་བཅའ་བརྟན་པོ་ཞིག་བཞག་པ་མ་ཟད། དམ་བཅའ་དེ་ལག་ལེན་དུ་བསྟར་བའི་གོ་རིམ་ཁྲོད་ནས་སྔ་རྗེས་སུ་བོད་རིགས་གཞོན་སྐྱེས་སློབ་མ་རྣམས་ལ་སུམ་རྟགས་དང་། དེང་རབས་སྐད་བརྡ་རིག་པ། ཡུལ་སྐད་རིག་པ་སོགས་སློབ་གཉེར་གནང་ཞིང་། དུས་མཚུངས་སུ་རིག་གཞུང་ཞིབ་འཇུག་གི་ལས་ལ་ཞུགས་ནས་ལོ་ཐོའི་་རྣམ་བཤད།དང་། བརྡ་སྤྲོད་རིག་པའི་རྣམ་བཤད་འཕྲུལ་གྱི་མེ་ལོང་།》 《བརྡ་སྤྲོད་རིག་པའི་སྤྱི་བཤད།》 《སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ།》《བོད་ཀྱི་བརྡ་སྤྲོད་རིག་པའི་མཐའ་དཔྱད་སེང་གེའི་ང་རོ།ཞེས་པ་སོགས་རིག་གཞུང་ཆེད་རྩོམ་དྲུག་ཙམ་དང་། གཞན་ཡང་བོད་ཀྱི་ཡིག་གཟུགས་བྱུང་འཕེལ་སྐོར་ལ་དཔྱད་པ།དང་། རྟགས་ཀྱི་འཇུག་པའི་དཀའ་གནད་ལ་དཔྱད་པ།》《སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་ཁྲིད་བྱེད་ཐབས་སྐོར་ལ་དཔྱད་པ།སོགས་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་དུས་དེབ་གྲགས་ཅན་ཁག་ལ་འགྲེམས་སྤེལ་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། 2009ལོར་དགེ་རྒན་ཆེན་མོ་ཞེས་པའི་ལས་གནས་དང་མཚན་སྙན་ཐོབ་པ་རེད།


ཨ་རིའི་ཇོ་ཅི་མེ་སིན་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་དགེ་སློབ་འགའ་ཡི་མཉམ་པར།

  གལ་སྲིད་དགེ་རྒན་ཆེན་མོ་ཞེས་པའི་མཚན་སྙན་ཐོབ་པ་འདི་ནི་བོད་ཀྱི་སློབ་གསོ་ལམ་བུའི་ཐོག་ནས་དེ་འདྲའི་ཡ་མཚན་པ་དང་། དེ་འདྲའི་དཔངས་མཐོ་བའི་སྣང་ཚུལ་ཞིག་མ་ཡིན་པའི་དབང་དུ་བཏང་ན། ཏག་ཏག་བགྲང་བྱ་བཞི་འདས་པའི་རྗེས་སུ་བོད་ཀྱི་སློབ་གསོའི་ལོ་རྒྱུས་སྟེང་ནས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པའི་གནས་ཚུལ་ཞིག་བྱུང་བ་སྟེ། 2013ལོ་ལ། དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོ་ལ་བོད་རིགས་བུད་མེད་ཁྲོད་ནས་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐོག་མ་ཞེས་པའི་མཚན་སྙན་འདི་ཐོབ་པས། གངས་ཅན་སློབ་གསོའི་ལས་དོན་གྱི་ལམ་བུའི་ཐོག་ནས་བུད་མེད་ཀྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ། 

  དེ་ལྟར་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་སྨད་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་བུ་མོ་ཞིག་གིས་ཕ་མའི་རེ་བཞག་དང་དུ་བླངས་ཤིང་། ཡུལ་མིའི་འདུན་མ་ཕྲག་ཏུ་འཁུར་ནས་ལམ་ལ་ཆས་པ་ནས་བཟུང་། ཤེས་བྱ་རིག་གནས་ལ་བརྟེན་ནས་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བའི་ཆོད་སེམས་བརྟན་པོ་ཞིག་ཡིད་ལ་བཅངས་ནས། ལང་ཚོའི་རིན་ཐང་ཤེས་བྱའི་འོད་ཀྱིས་བརྒྱན་ཞིང་། ཕུགས་ཀྱི་འདུན་མ་གངས་རིའི་བུ་ཕྲུག་སྐྱོང་བའི་ཐོག་ལ་བབས་པ་མ་ཟད། ནང་སྒོས་སུ་གངས་ཅན་གཙུག་ལག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་རེ་བའི་སྲོག་ཤིང་ལྟ་བུར་གྱུར་པའི་བོད་ཀྱི་རབ་འབྱམས་སློབ་མ་དང་འབུམ་རམས་པའི་སློབ་མ་གསོ་སྐྱོང་གནང་བའི་དགེ་བའི་བཤེས་གཉེན་ཤིག་ལ་གྱུར་པ་འདི་ལས། ཁོ་རང་ནི་བུ་ཕྲུག་གཉོར་སྐྱོང་བྱེད་པའི་ཨ་མ་ཙམ་ཞིག་མ་ཡིན་པར། མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་བདེ་སྡུག་ལ་ཐུགས་ཁྲལ་གནང་བའི་ཡུམ་ཆེན་ཞིག་རེད་ཅེས་ང་ཚོས་འདི་ནས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་སྤོབས། འདི་ལས་ཀྱང་ང་ཚོས་གོང་ནས་གླེང་བ་ལྟར་བུ་མོ་ཞིག་གསོ་སྐྱོང་བྱས་ན་མི་རིགས་ཤིག་གསོ་སྐྱོང་ཐུབ་པའི་གནས་ལུགས་འདི་ལ་ངེས་ཤེས་འདྲོངས་པ་རེད། འོན་ཀྱང་དེང་སྐབས་བོད་པའི་རིག་གནས་ཀྱི་སྡེ་ན་སྔར་བཞིན་འགའ་རེ་ཡིས་བུ་མོ་ཞིག་ཡིན་ན་སློབ་གྲྭ་འདོན་པ་ཙམ་གྱིས་ཆོག་པ་དང་། ཡང་ན་ཡོན་ཚད་དམའ་མོ་ཞིག་གིས་ཆོག་པའི་མཐའ་ཚིག་སྒྲོག་པ་ནི་གནས་ལུགས་ཤིག་གི་མཐིལ་མ་རྟོགས་པ་དང་མི་རིགས་ཤིག་ལ་འགན་འཁུར་བ་ཨེ་ཡིན་སྙམ།

 

2002ལོར་མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མ་དང་ལྷན་དུ་ཨ་རིའི་ཉིའུ་ཡོའུ་རུ་ཡོད་པ།

  གང་ལྟར་དགེ་རྒན་ཆེན་མོ་ཚེ་ལྷ་དབང་ལྷ་མོ་ནི་འདི་ལྟར་ལམ་ལ་ཆས་ཤིང་། ཁོང་གིས་ཡུམ་ཆེན་ཞིག་ལ་མངའ་འོས་པའི་བླ་མེད་ཀྱི་བྱམས་བརྩེ་དང་ཁྱད་འཕགས་ཀྱི་འཇོན་ཐང་ལ་བརྟེན་ནས་སྔར་བཞིན་གངས་རིའི་བུ་ཕྲུག་སྐྱོང་བའི་ལས་ལ་འབད་བརྩོན་གནང་བར་མ་ཟད། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཚོགས་འདུ་ལ་ཞུགས་ནས་གངས་ཅན་གཙུག་ལག་རིག་གནས་ཀྱི་ངོ་མཚར་ཕྱི་ལ་ངོམ་ཞིང་། མི་ལོ་སྟོང་ཕྲག་དུ་མའི་རིང་ལ་གུས་གུས་ཞུམ་ཞུམ་གྱི་ཚུལ་དུ་ལུས་པའི་བོད་རིགས་བུད་མེད་རྣམས་ལ་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ཁ་ཕྱོགས་ཤིག་དང་ཡིད་ཆེས་ཤིག་བསྩལ་བ་ཡིན་པས། ང་ཚོས་ཀྱང་འདི་ནས་ཁོང་གི་མཛད་འཕྲིན་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། ཁྱད་པར་དུ་མི་རིགས་ཀྱི་ཡུམ་ཆེན་དེ་ལས་མང་པོ་ཞིག་གསོ་སྐྱོང་ཐུབ་པའི་སྨོན་འདུན་སྙིང་ནས་ཞུ། །

 

1982ལོར་བོད་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། ཉན་ཤུལ་མཁྱེན་རབ་འོད་གསལ། སྐལ་བཟང་འགྱུར་མེད་སོགས་དང་ལྷན་སྒྲོན་འདྲ་པར།

                                                 ཚེ་དབང་ལྷ་མོས་པར་མཁོ་འདོན་བྱས།

                                                                                                  2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་དང་པོ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1