༄༅།། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


  

  ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས།  །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།  །མ་བརྟག་མ་དཔྱད་འཇིག་རྟེན་རྣམ་བཞག་དང་།  །བརྟགས་ཤིང་དཔྱད་པའི་གྲུབ་མཐའི་གཞུང་ལུགས་གཉིས། །གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས།   །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།  །བློ་ལ་སྣང་བ་ཙམ་གྱི་སྒྱུ་མ་དང་།  །དོན་ལ་ཡིན་པར་ངེས་པའི་གཤིས་ལུགས་གཉིས། གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་ནས།  །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།  །རང་སྐྱོན་རི་བོ་འགེབ་པའི་སྔ་རྒོལ་དང་།   །གཞན་སྐྱོན་ཁབ་ཀྱིས་འཚོལ་བའི་ཕྱི་རྒོལ་གཉིས།  །གཅིག་ལས་གཅིག་རྒྱལ་རེས་སུ་བྱེད་མཐོང་ནས།  །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།  །གྲོགས་པོ་ཚད་མར་ཞེན་པའི་བདེན་འཛིན་དང་།  །གྲོགས་ཀྱི་ཕན་པར་རྟོགས་པའི་ཚད་མ་གཉིས།  །སྲེད་པ་སྐྱེད་ལ་ཁྱད་པར་མི་འདུག་པས།  །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།  །དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་།  །དགྲ་ཡིས་གནོད་པ་ངེས་པའི་བདེན་འཛིན་གཉིས།  །ཞེ་སྡང་སྐྱེད་ལ་ཁྱད་པར་མ་མཐོང་ནས།  །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།  །རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས།  །མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད།  །ཕ་ཡི་དཔང་པོ་བུ་ཡིས་བྱས་པ་འདིས།  །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།  །རིག་པས་དཔྱད་ན་ཤིང་རྟའི་སྲོལ་ལ་བརྟེན།  །ཤིང་རྟ་ཆེན་པོ་རིག་པའི་སྟོབས་ཀྱིས་སྒྲུབ།  །རང་ཐག་ཆོད་ན་སུ་ཡིས་རྗེས་སུ་འབྲང་།  །རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད།  །ཡང་དག་རིགས་པ་ངེས་དོན་ལུང་ལས་རྙེད།  །དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད།  །རིག་པས་ཤེས་ན་ངེས་དོན་ཅི་ལ་འཚོལ།  །རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད།  །བྱམས་མགོན་ཁྱི་མོ་མཐོང་བའི་ངང་ཚུལ་འདིས།  །མ་བརྟགས་ལྷན་སྐྱེས་བློ་ལ་ཡིད་མ་ཆེས།  །དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིས།  །དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས།  །ཕལ་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས།  །རྒུད་པའི་རྩ་བ་ལྷན་སྐྱེས་བདེན་འཛིན་རྙེད།  །མཁས་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས།  །དེ་ལས་སྡུག་པའི་ཀུན་བརྟགས་བདེན་འཛིན་རྙེད།  །ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པའི།  །རྩོད་པའི་འུར་སྒྲ་སྒྲོག་པའི་འཇིག་རྟེན་འདིར།  །རྟག་ཏུ་ཀུན་མཐོང་ཤེས་བྱ་ཡིན་པ་སྣང་།  །རྒྱུན་དུ་གང་གོམས་ཚད་མ་ཡིན་པར་སྣང།  །མི་མང་གང་ལ་དགའ་བདེ་བདེན་པ་དང་།  །ཁ་མང་གང་ལ་མཐུན་དེར་གྲུབ་མཐར་སྣང་།  །མི་རེའི་ཁོང་ན་མི་མཐུན་ཚད་མ་རེ།  །དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ།  །ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།  །དེ་ཡི་རྗེས་འབྲང་མཁས་བླུན་སྟོང་ཕྲག་རེ།  །འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས།  །རང་གི་བདེན་ཁ་རང་ལ་སྦྱིན་པ་འདི།  །རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ།  །མི་མཐུན་ཚོགས་ལ་སྨྲ་ན་ཞེ་རེ་ཁྲེལ།  །མི་མཐུན་རིགས་དྲུགས་འགྲོ་བའི་རྒྱལ་ཁམས་འདིར།  །བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་ཅིང་།  །མི་ཡིས་མཐོང་བར་ལྷ་ཡིས་མི་མཐོང་བས།  །བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད།  །ཤེས་རབ་སྦྱངས་བས་མི་ཚེ་ཟད་བྱས་ཏེ།  །གྲུབ་མཐའ་རྒན་པོའི་བློ་ཡང་འཁྲུལ་གྱུར་ན།  །འཇིག་རྟེན་བླུན་པོའི་རྫུན་གྱི་སྣང་བ་ལ།  །ཐ་སྙད་ཚད་མར་ཡིད་རྟོན་བྱེད་པར་འཁྲུལ།  །མཁོ་ཚད་བཟང་ཚད་སེམས་ཀྱི་འཆར་སྒོ་རུ།  །གུད་དུ་ཕྱེས་ནས་ཚད་མ་འདོད་པ་དེས།  །སྒྱུ་མའི་གྲོང་ཁྱེར་ཞིག་པའི་ཐང་སྟོང་དུ་།  །མིག་འཕྲུལ་ནོར་བུའི་ཕུང་པོ་སླར་ཡང་རྙེད།  །བཞིན་རས་ཅུང་ཟད་འགྱུར་ཡང་འགྱུར་བྱེད་ཅིང་།  །མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པའི།  །མི་བརྟན་འགྱུར་བའི་ཤེས་བྱའི་གཟུགས་བརྙན་འདི།  །ནམ་ཞིག་མཐའ་ལ་གཏད་དུ་ཡལ་བར་ངེས།  །དཔྱད་པ་འདི་ལ་ཐུག་པས་མེད་དོ་སྙམ།  །ལག་པ་ཁབ་ལ་འཕྲད་པས་ཡོད་དོ་སྙམ།  །མྱོང་བ་མངོན་སུམ་ལག་པས་ཡིན་ནམ་སྙམ།  །སྣང་བ་འཁྲུལ་པ་སྲིད་པས་མིན་ནམ་སྙམ།  །ཡོད་པའི་རྩ་བ་བཙལ་བས་མེད་དོ་སྙམ།  །མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ།  །བདེན་པའི་ས་བོན་བཏབ་ན་རྫུན་པར་ཤེས།  །རྫུན་པའི་འབྲས་བུ་མྱོང་ཚེ་བདེན་པར་སྣང་། །ཡིད་ཀྱིས་མེད་པར་ཐག་ཚོད་ཅིང་། །མིག་གིས་ཡོད་པར་མཐོང་བའི་ཚེ། །ཞྭ་སེར་མཁན་པོས་མ་བསླབ་ཀྱང་། །སྒྱུ་མའི་བློ་ལས་གཞན་ཅི་འབྱུང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1