༄༅།། གངས་དཀར་དགོན་པའི་ལོ་རྒྱུས།

མི་གསལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-25


གངས་དཀར་དགོན་པ་འདི་ནི་གནའ་སྔ་མོ་རི་ཁྲོད་ཅིག་ཡིན་ན་ཡང་རྗེས་སུ་གངས་དཀར་བླ་མ་གྲགས་པའི་དཔལ་གྱིས་དགོན་པ་ཞིག་བཏབ། སྤྱིར་གངས་དཀར་དགོན་ཞེས་པའི་རྒྱུ་མཚན་ནི་གནས་ཆེན་འབོ་མི་ཉག་གངས་དཀར་གྱི་མདུན་ཞོལ་དུ་དགོན་པ་ཆགས་ཡོད་པས་སོ། འབོ་ཞེས་པ་ནི་མི་ཉག་སྐད་ཡིན། གངས་དཀར་དགོན་པ་རྗེས་སུ་གསར་པ་ཞིག་རྨ་སེ་སྟོན་པས་བཏབ།དེ་ལ་གངས་དཀར་དོན་གསར་རམ་ཁམས་གསུམ་གྲགས་དགོན་པ་ཞེས་གྲགས་ཆེན་དོན་དང་མཐུན་པ་ཞིག་ཡོད། གནས་ཆེན་འདི་ལ་གཞན་གནས་ཆེན་ཁག་ལ་ཡོན་ཏན་ཅི་ཡོད་ཐམས་ཅད་འདིར་ཚང་ཡོད་པ་སློབ་དཔོན་པདྨ་འབྱུང་གནས་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་གནས་བསྟོད་གསུམ་ཡོད་པ་དཔེ་ཆ་མང་པོའི་ནང་གསལ་ལོ།། 

གོང་ཞུས་དགོན་གསར་རྙིང་གཉིས་ཀྱི་དགོན་བདག་ནི་གཅིག་ཡིན་ནོ། གངས་དཀར་དགོན་རྙིང་འདི་ནི་བོད་རབ་བྱུང་གཉིས་པའི་ལྕགས་བྱ་ལོསྤྱི་ལོ1141ལོལ་གངས་དཀར་བླ་མ་གྲགས་པའི་དཔལ་གྱིས་བཏབ། གྲུབ་མཐའ་ནི་གནའ་ནས་ད་བར་དུ་བཀའ་རྒྱུད་པ་ཡིན།གདན་རབས་ནི་གྲགས་པའི་དཔལ་ནས་རྨ་སེ་སྟོན་པ་སོགས་ནས་རྩིས་ན་གདན་རབས་བཅུ་ལྷག་ཙམ་ཡོད་ཀྱང་། བར་སྐབས་དགོན་པ་སྟོང་ནས་ཡུན་རིང་ཞིག་འགོར། དེའི་རྗེས་སུ་དགོན་པ་ཞིག་གསོ་བརྒྱབ་ནས་ད་བར་སྐུ་རབས་ལྔ་ཙམ་བྱོན།འགན་འཁུར་སོགས་ཀྱི་སྐོར།དགོན་བདག་གཅིག།། ཁྲི་བ་གཅིག་དབུ་མཛད་རྒན་གཞོན་གཉིས། དགེ་སྐོས་གཅིག མཆོད་ཡོན་གཅིག ཕྱག་མཛོད་གཉིས། ཁང་པའི་འཛུགས་བསྐྲུན་སྐོར། འདུ་ཁང་གཅིག གཉེར་ཁང་གཅིག མ་ཎི་ཁང་ཆེ་བ་གཅིག ཨུ་རྒྱན་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག སྲུང་མང་ཁང་གཅིག དུང་འཁོར་ཁང་གཅིག་བཅས་ཡོད་དོ། 
  སྐུ་གསུང་ཐུགས་རྟེན་སྐོར།ཟངས་གསེར་ལས་བཟོས་པའི་ཇོ་བོ་མིའི་ལུས་ཚད་ཅན་གཅིག། གསེར་སྐུ་ཆེ་ཆུང་བཅོ་ལྔ། སྨན་འདམ་སྐུ་ཆེ་ཆུང་ལྔ་བཅུ་ལྷག་ཙམ།ཐང་ག་གསར་རྙིང་བརྒྱ་ལྷག་ཙམ་ཡོད། བཀའ་བསྟན་འགྱུར་ཚར་གཅིག། སི་ཏུའི་བཀའ་འབུམ་ཚར་གཅིག། གསེར་དངུལ་གྱིས་བྲིས་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ། མ་ཎི་སོགས་གྲངས་བཞུགས། གསེར་ཟངས་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་མིའི་ལུས་ཚད་ཅན་གཉིས། རྟེན་ཁྱད་པར་ཅན་ཇོ་བོ་དང་ཀརྨ་བ་རོལ་བའི་རྡོ་རྗེས་གནང་བའི་གསེར་སྐུ་འགའ་ཞིག་བཅས་ཡོད་དོ།།
  མཆོད་རོལ་སྐོར།ལི་དང་ཟངས་ཀྱི་ཏིང་ཕོར་བཞི་བཅུ་ལྷག་ཙམ། བུམ་པ་ཆ་གསུམ། ནང་མཆོད་ཆ་བཞི། མཎྡལ་ཆ་ལྔ། ཀོང་བུ་ཆེ་ཆུང་ཉིས་བརྒྱ་ལྷག་ཙམ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་བཞུགས། དུང་ཆ་གསུམ་། རྡོར་དྲིལ་ཆ་བརྒྱ། ཌ་མ་རུ་ཉེར་ལྔ། ལག་རྔ་ཉི་ཤུ།རྔ་བོ་ཆེ་བཞི། རྐང་གླིང་ཆ་བཞི། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཉིས། དུས་མཆོད་ཚོགས་རྒྱུའི་སྐོར། དབྱར་ཚོགས་ཉི་མ་བརྒྱད་དང་དགུན་ཆོས་ཉི་མ་བརྒྱད་ལ་འཆམ་རྒྱག་རྒྱུ་དང་བཅས་པ་ཡོད། རྒྱུན་དུ་མགོན་བླ་གཅིག་དང་སྐུ་གཉེར་གཅིག་བཞུགས། བྱམས་གསལ་རི་ཁྲོད་ནང་དུ་མཚམས་པ་རྒྱུན་འདུག་པ་ཁ་ཤས་ཡོད།  གྲྭ་སར་འགྲོ་ས་ནི་སྡེ་དགེའི་དཔལ་སྤུང་དང་ལྷ་སའི་སྟོད་ལུང་མཚུར་ཕུག་བཅས་ཡིན་ནོ། །
  དཔལ་འབྱོར་གྱི་འོངས་ཁུངས་ནི་ཡོན་བདག་ཚོས་ཕུལ་བ་ལ་བརྟེན་དགོས། ས་འདིར་སྐྱེས་ཆེན་དམ་པ་ཀརྨ་བ་རང་བྱུང་རྡོ་རྗེ། རོལ་བའི་རྡོ་རྗེ། ཞྭ་དམར་བ་ཆོས་གྲགས་ཡེ་ཤེས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སོགས་བྱོན་མྱོང་། རྗེས་སུ་ངོ་རྒོལ་བཞིས་རྩ་མེད་ཤུལ་མེད་དུ་བཏང་ངོ་། །
  དེང་སང་འདུ་ཁང་མགོན་ཁང་ཇ་ཁང་བླ་བྲང་གྲྭ་ཤག་ཁ་ཤས་བཅས་གསར་དུ་བཞེངས་ཡོད། ཆོས་ར་འཚོགས་རྒྱུ་ནི་ཡུལ་དགོན་གཉིས་མཉམ་དུ་བསྡོམས་ནས་ཉི་མ་བརྒྱད་ལ་ཚོགས་དགོས། དཔལ་འབྱོར་འོངས་ས་ནི་གྲྭ་པ་རང་གི་ཁྱིམ་དང་སྦྱིན་བདག་གི་ཡོན་ལ་བརྟེན་དགོས་སོ། གྲྭ་པ་ལྔ་བཅུ་ལྷག་ཙམ་བཞུགས་ཞེས་པ་འདི་ནི་མཁས་མཆོག་མི་ཉག་མགོན་པོའི་གསུངས་སྒྲོས་ལྟར་རིག་བསྟན་གྱིས་བྲིས་སོ། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1