༄༅།། བཙའ་མ་ཐུབ་པའི་ནད། ཤ་མ་ཐོན་པའི་ནད། ལྷུང་སྐྱོན་ནད། སྙིང་ནད་ཀྱི་འབྱུང་རྐྱེན་དང་དེར་ཕན་པའི་སྨན་སྦྱོར་བྱེད་སྟངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


སྦྲུལ་སྡིག་ལས་བྱུང་བའི་ནད།

  སྦྲུལ་དང་སྡིག་པ་ཟུག་པར་ཁ་ཡིས་འཇིབ།། ཕྲལ་ལ་དེ་ཕན་སྐྲངས་ན་དྲི་ཆེན་དྲོན་།། འབྱར་ལ་ཁོང་དུ་ཁྱུང་ལྔ་ཐུན་གཉིས་པོ།། ཕོར་གང་ཆང་གིས་ཕུལ་ན་ངེས་པར་ཕན།། སྨན་མེད་ན་ཡང་ཆང་བཟང་མང་འཐུང་སྟེ།། གཟི་ཞིང་རྨོངས་པས་དུག་ནི་ཕྱིར་ཐོན་ངེས།།
མིག་བགྲད་པའི་ནད།
  གློ་བུར་མིག་ནི་བགྲད་པར་གྱུར་བ་ལ།། ཞག་གསུམ་ནང་ལ་ཕོ་མཚན་མོ་མཚན་གཉིས།། དུས་གཅིག་མཐོང་ན་སྐྱོན་སེལ་ཐེ་ཚོམ་མེད།། དེ་ལས་འདས་ན་གསོ་བར་མི་འགྱུར་རོ།།
ཕཱ་ཡཱོ་ཟའི་ནད།
  རྒྱ་ནད་ཕཱ་ཡཱོ་ཟ་ཞེས་བྱ་འདར་བའི་ནད།། རྒྱ་ཡུལ་གཤེད་འགོང་དུར་ས་ལས་གྲོགས་དང་།། འདར་ནད་ཅན་ལས་ཟས་ཕོར་ཆང་རྒོལ་ལས།། འགོ་བའི་ནད་ཕོག་ལུས་འདར་བཞིན་མདོག་ནག། ཉིན་མོར་འདར་ཞིང་མཚན་མོར་བདེ་བར་གྱུར།། མཚན་མོར་འདར་ན་ཉིན་མོར་བདེ་བར་གྱུར།། བདེ་བར་ཁད་ལ་ལུས་ཚ་རྔུལ་ཡང་བྱུང་།། ནད་དེ་ཚ་གྲང་གང་ཡང་མེད་པ་ཡིན།། རྒྱ་འགོང་སྡོངས་པ་གདོན་ནད་ཡིན་དེ་ལ།། དབྱར་དུས་བ་གླང་ལྕེ་བ་རློན་ནད་ཕོ་རིལ་འདྲ།། ལྤགས་ན་གནང་དཀར་དེ་ནི་བདུན་བརྒྱད་རློམ་སྐམ་འདྲ།། རླུང་སྐབས་བསྟན་པའི་དཔལ་ཆེན་ཉེར་བཞི་འམ།། མེ་མདའ་བཅུ་གཉིས་གང་རུང་ཐུན་ཉེར་གཅིག།། ལྷན་དུ་གོང་གི་ཕོ་རིལ་འདམ་བཏགས་སྦྱར་བ་དེ།། ཉིན་རེར་ལན་གཉིས་སྲོད་དང་ཐོ་རངས་ལ།། འོ་མའི་ཆང་བསྐོལ་ཚ་མོས་ཕུལ་ལ་གཏོང་།། སྨན་གཏོང་ཉིན་གྱི་སྲོད་ལ་ནད་པའི་མདུན།། རས་དམར་ཁ་གང་སྟེར་དུ་དཀར་ཡོལ་ནང་།། ནད་པའི་ཟས་ལྷག་ཇ་ཆང་སྒོ་བཙོང་བཀང་།། ཤོག་སེར་གྱིས་གབ་སྟེང་དུ་སྙུག་ཐུར་བཞག།། སྨན་པས་ལག་ཏུ་གྲི་གཅིག་བཟུང་བཞིན་དུ།། རྒྱ་འགོང་མྱུར་སོང་མ་སོང་ངས་བསད་དོ།། ཡུལ་འདིར་ཡུལ་ཙམ་མ་བདུག་ལམ་དེ་ཡིས།། རང་སར་སོང་ཤིག་སོང་ཤིག་ཅེས་ལབ་ཀྱིན།། བདུད་བཟློག་ཐལ་མོ་ཡང་ཡང་བཏབ།། བསྲང་མདུད་བསྲུང་འཁོར་ཡོད་ན་མགུལ་ཏུ་བཏགས།། སྨན་ནི་འཚོ་བར་གཏོང་ན་ངེས་པར་བྲོས།།
བཙའ་མི་ཐུབ་པའི་ནད།
  བུད་མེད་སྦྲུམ་མ་བཙའ་བར་མི་ཐུབ་པར།། སྤྱི་སྨན་བྱ་མ་བྱི་ཡི་ཤ་རུས(དོད)།།སྤལ་ཤ་བོང་ཤ་གཏོང་བ་ཤིན་ཏུ་མྱུར།། མ་ཐུབ་མ་རྙེད་ན་ནི་ལྷམ་འབོལ་བཙའ།། བསྐོལ་འཐུང་ཕན་ནོ་ཡང་ན་བྱ་མོའི་སྒོང་།། ཆུ་སེར་ཁོང་བཏང་ངེས་པར་བཙའ་འོ་གསུངས།། ཡང་ན་ཚྭ་བརྔོས་ཆུ་བསྐོལ་འཐུང་ན་ཐུབ།། གང་ཡང་མ་ཕན་ཁྱི་རླིག་ཁྲག་དྲོན་ཆུང་།། ཆུར་བསྲེས་འཐུང་བཅུག་དེ་ལ་ཐེ་ཚོམ་མེད།།
ཤ་མ་མ་ཐོན་པའི་ནད།
  ཤ་མ་མ་ཐོན་ས་ལ་སྒལ་རྒྱབ་ཏུ།། མཁལ་མ་གཉིས་ཀྱི་མཚམས་སར་སོག་སྐད་དུ།་ ཅིང་ཐུ་མར་ཅན་རྙིང་མེར་སྲོས་ཐུབ།། དེ་ཡིས་མ་ཐུབ་ཤིང་ལེབ་སྟེང་འདུག་ལ།། ཐོ་བས་ཤིང་བརྡུང་མདུན་རྒྱབ་ཐོན་པར་ངེས།། ཡང་མ་ཐུབ་པར་རྒྱ་ཚྭ་ཐང་ཕྲོམ་དང་།། རྒྱ་རུ་ཅོང་ཞི་བུ་རམ་སྦྱར་བ་ནི།། རྡོ་དྲེག་བསྐོལ་ཐང་གིས་ཕུལ་ངེས་པར་ཐོན།། བྱ་སྒོང་སེར་ཐིག་ཁོང་བཏང་དེ་ཡང་བཟང་།།
ལྷུང་སྐྱོན་གྱི་ནད།
  རྟ་དང་རྔ་མོང་རི་གཡང་ཁང་པ་སོགས།། མཐོ་ལས་ལྷུང་ཞིང་ཤ་ལྤགས་རུས་པོ་ལ།། སྐྱོན་བྱུང་རྨ་བྱུང་ཤེས་པ་རྨོངས་པ་ལ།། གསར་དུས་རྔུལ་ཆུ་རིན་ཆེན་བཅོ་བརྒྱད་གཏོང་།། ཚ་གཉན་མ་སྐྱེད་སྐྱོན་ཀུན་སེལ་བར་ནུས།། སྐྲངས་ན་སྤོས་དཀར་སྤོས་བྲག་ཞུན་པར་བ་ཏ།། ལུག་རིལ་བཅས་འབྱར་དྲིལ་པ་ཆུ་སེར་སྐེམ།། རྨ་ཡོད་ན་ཡང་དར་གབ་སྨན་འདི་འབྱར།། ཁྱི་སྤུ་སྲེག་གཞོབ་ག་བུར་སྦྱར་བ་བྱུགས།། རྨོངས་ན་གཙོ་བོ་བརྒྱད་སྟེང་དོམ་མཁྲིས་དང་།། ཁ་ཆེ་བསྣན་གཏོང་རྨོངས་པ་ངང་གིས་སེལ།་ བསམ་འཕེལ་ཉེར་ལྔ་གཏོང་ཡང་ཀུན་ལ་ཕན།། ཁྱད་པར་རྒྱའི་མིང་ཆིང་ཧྭང་པཱ་ལ་ལྦང་།། ཟེར་བ་འདི་ཉིད་ཤིན་ཏུ་ཕན་མྱོང་གྲུབ།།
  ཕྲན་བུའི་ནད་ལ་གསར་བུའི་སྦྱོར་བ་བསྟན།། སྨན་པར་ཁས་ཆེ་ཕན་པར་བསམ་མི་བསམ།། འགའ་འགའ་ཙམ་ཞིག་འཚོ་འཚོ་ཞེས་སྒྲགས་པར།་ ཚམ་ཚོམ་མེད་པར་ཆུང་ཆུང་དགོས་སམ་སྙམ།།
སྙིང་ནད།
  དོན་ལྔའི་རྒྱལ་བོ་སྙིང་གི་ནད་ཀྱི་རིགས།། མྱ་ངན་སེམས་དང་ཁྲོ་ཆགས་ཚ་བས་བསྐྱེད།། སྙིང་སྲོག་རླུང་ནད་གོང་དུ་སྨོས་ཟིན་ཕྱིར།། ཚ་བ་རྒྱས་ཤིང་སྙིང་ལ་ཕོག་པ་དང་།། གབ་ཅིང་མྱོས་སམ་འཐིམས་པས་ལྕེ་མཆུ་སྐམ།། མིག་དང་ཆུ་དམར་དེ་ལ་སྤྱི་སྨན་ནི།། གཙོ་བོ་བརྒྱད་པ་སྤང་རྩི་བཅུ་གཉིས་དང་།། ནོར་བུ་བདུན་ཐང་གཏོང་པར་མ་ཕན་ན།། ག་བུར་ཉེར་ལྔ་ཆང་ནག་གིས་འཕུལ་ཏེ།། གོས་ཀྱིས་ལེགས་པར་དབྱིབས་ཀྱིན་རྔུལ་མང་བྱུང་།། ཆང་མེད་ཆུར་བསྐོལ་ཚ་ཚས་འཐུང་དུ་བཅུག།། རྔུལ་བྱུང་ངེས་པར་ཕན་པ་མྱོང་བས་འགྲུབ།། རྒྱས་ཚད་རིམས་ཚད་ཀུན་ལ་འདི་ལྟར་བཅོས།། ཚ་བ་གབ་ཅིང་རྙིང་བར་ཡང་ཕན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1