དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁྲིམས་སྲོལ།3

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དོན་ཚན་བཞི་བཅུ། རང་སྐྱོང་ཁུལ་གྱིས་ཁྲིམས་ལྟར་ཁུལ་ནང་གི་ཤིང་ནགས་དང་ནགས་ཚལ།རྩྭ་ཐང་རྩྭ་རི།རྨོ་ཞིང་སོགས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་གཏན་འཁེལ་བྱས་ཏེ།རྫོང་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གིས་དཔང་ཡིག་དཔྱད་སྤྲོད་བྱས་ནས་དངོས་སུ་ཁས་ལེན་བྱས་པ་དེར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་དགོས།གལ་ཏེ་འགྱུར་ལྡོག་བྱེད་དགོས་ན།ཁྲིམས་ལྟར་འགྱུར་ལྡོག་དང་ཐོ་འགོད་འགྲོ་ལུགས་སྒྲུབ་དགོས།ཐུན་མོང་དང་མི་སྒེར་གྱིས་རི་རྒོད་དང་ཐང་སྟོང་།གྲམ་ཐང་བཅས་འགན་གཙང་ལེན་གྱིས་གསར་སྦོལ་བྱེད་པར་སྐུལ་འདེད་བྱེད་པ་དང་།འགན་གཙང་ལེན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་ས་ཞིང་བེད་སྤྱོད་དོ་དམ་ལམ་ལུགས་ལག་བསྟར་བྱེད་པ་དང་།ཚན་ལྡན་དང་གཅིག་གྱུར་གྱི་ས་ཞིང་ཚོང་ར་འཛུགས་དགོས།ཁུལ་ནང་གི་ས་ཞིང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།ས་ཞིང་དེ་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་གཞི་རྩའི་ས་ཞིང་སྲུང་སྐྱོང་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ།རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྨོ་ཞིང་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་བྱེད་དགོས།
རང་སྐྱོང་ཁུལ་གྱིས་གསར་དུ་གཞུང་བསྡུ་བྱས་པའི་འཛུགས་སྐྲུན་ས་ཞིང་གི་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱ་རྒྱུའི་མ་དངུལ་དེ་ཆ་ཤས་རྒྱལ་ཁབ་ལ་གོང་འབུལ་བྱས་པ་ཕུད།དེ་མིན་ཚང་མ་རང་སྐྱོང་ཁུལ་གྱིས་རྨོ་ཞིང་གསར་སྦོལ་བྱ་རྒྱུའི་ཐད་ཆེད་སྤྱོད་བྱེད་དགོས།
དོན་ཚན་ཞེ་གཅིག རང་སྐྱོང་ཁུལ་ནང་གི་ཆུའི་ཐོན་ཁུངས་དེ་རྒྱལ་ཁབ་ལ་དབང་བ་ཡིན།རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྦོལ།དོ་དམ་བཅས་བྱས་ཏེ།ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕྱོགས་བསྡུས་ཕན་འབྲས་མཐོ་རུ་གཏོང་བ་དང་།ཆུའི་གནོད་སྐྱོན་འགོག་བཅོས་བྱས་ནས།ཆུའི་ཐོན་ཁུངས་རྒྱུན་མཐུད་ཀྱིས་བེད་སྤྱོད་ཐུབ་པ་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ།རིམ་བཞིན་ཆུ་བེད་འཛུགས་སྐྲུན་ལ་གཏོང་འཇོག་ཁ་སྣོན་བྱེད་དགོས།ཆུའི་ཐོན་ཁུངས་ཐད་ཆུ་སྤྱོད་ཀྱི་ཆོག་མཆན་དཔང་ཡིག་སྤྲོད་པའི་ལམ་ལུགས་དང་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ།ཁྲིམས་ལྟར་བསྡུས་པའི་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་དེ་ཚང་མ་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་གསོ་འཁྱོངས་སྲུང་སྐྱོང་དང་འཆར་འགོད་དོ་དམ།གསར་སྦོལ་བེད་སྤྱོད་བཅས་བྱ་རྒྱུའི་ཆེད་སྤྱོད་མ་དངུལ་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་རང་བྱུང་ཆུ་ཁོངས་དང་ཆུ་སྐྱེས་སྲོག་ཆགས།རྩི་ཤིང་གི་ཐོན་ཁུངས་བཅས་སྲུང་སྐྱོང་བྱེད་དགོས།ཧུར་བརྩོན་གྱིས་ཆུ་ཐོན་དངོས་རྫས་ལས་རིགས་འཕེལ་རྒྱས་བཏང་ནས།ཉ་ལས་ཐོན་ཁུངས་ལ་འཛིན་རྙབ་ཆོག་མཆན་དཔང་ཡིག་སྤྲོད་པའི་ལམ་ལུགས་དང་དཔྱིད་ཀར་ཉ་འཛིན་རྙབ་བྱེད་མི་ཆོག་པའི་ལམ་ལུགས་ལག་བསྟར་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་དཔལ་འབྱོར་རྩ་འཛུགས་སྣ་ཚོགས་དང་མི་སྒེར་གྱིས་ཆུའི་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྦོལ་དང་བེད་སྤྱོད་གྲོན་ཆུང་།སྲུང་སྐྱོང་བཅས་བྱེད་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཞེ་གཉིས།རང་སྐྱོང་ཁུལ་གྱི་བཟོ་ལས་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་དེང་རབས་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ།ཤུགས་ཆེན་པོས་ཆུ་གློག་གཙོག་བོར་བྱེད་པའི་ནུས་པའི་འབྱུང་ཁུངས་ཀྱི་བཟོ་ལས་དང་མཐུན་རྐྱེན་གཏེར་རྫས་ལས་རིགས།རྒྱ་བོད་སྨན་རྫས་ལས་རིགས་བཅས་འཕེལ་རྒྱས་བཏང་བ་དང་དེ་མིན་བཟོ་ལས་ཧུར་བརྩོན་གྱིས་འཕེལ་རྒྱས་བཏང་ནས་རང་ཁུལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་དཔལ་འབྱོར་འཛུགས་དགོས།
རང་སྐྱོང་ཁུལ་གྱིས་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་ཚོང་རའི་འགྲན་རྩོད་དང་མཐུན་པའི་ཁེ་ལས་དོ་དམ་གྱི་ནང་རྐྱེན་འཐུས་ཚང་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།ཁེ་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར་ལ་དྲང་གཞག་གི་འགྲན་རྩོད་བྱེད་ཡུལ་ཞིག་སྐྲུན་པ་དང་།ཁེ་ལས་ལ་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་མ་ལག་འཐུས་ཚང་གཏོང་བ།ཁེ་ལས་རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ནང་ཞུགས་པར་སྐུལ་འདེད་བྱེད་པ།ཧུར་བརྩོན་གྱིས་ཁུལ་ནང་གི་ཁེ་ལས་ཀྱིས་ཚན་རྩལ་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རོགས་སྐྱོར་བྱས་འོགཧུར་ཐག་གིས་གྲངས་ཉུང་མི་རིགས་ལ་ཆེད་མཁོ་བའི་ཚོང་རྫས་ཐོན་སྐྱེད་བྱེད་པར་སྐུལ་འདེད་དང་རྒྱབ་སྐྱོར།འཕེལ་རྒྱས་གཏོང་བ་བཅས་བྱས་ནས།གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དམིགས་བསལ་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།
དོན་ཚན་ཞེ་གསུམ།རང་སྐྱོང་ལས་ཁུངས་ཀྱིས་ཁེ་ལས་ཆུང་འབྲིང་དང་གྲོང་གསེབ་དང་གྲོང་རྡལ་ཁེ་ལས་ལ་རོགས་སྐྱོར་གང་ཐུབ་དང་འཆར་འགོད་ལུགས་མཐུན།རིགས་ཕྱེ་ཁྲིད་སྟོན།ཁྲིམས་ལྟར་དོ་དམ་བཅས་བྱེད་དགོས།
རང་སྐྱོང་ཁུལ་གྱི་ཁེ་ལས་ཆུང་འབྲིང་དང་གྲོང་གསེབ་དང་གྲོང་རྡལ་ཁེ་ལས་ཀྱིས་ནགས་འབྲོག་ཞིང་ཞོར་དང་ཡུལ་ཐོན་ཁྱད་རྫས།གཏེར་རྫས་བཅས་ལས་སྣོན་བྱ་རྒྱུ་གཙོར་བཟུང་བྱེད་པ་དང་།དུས་མཚུངས་སུ་སྲོལ་རྒྱུན་ལྡན་པའི་མི་རིགས་བཟོ་རྩལ་ཐོན་སྐྱེད་དང་ཐོན་ལས་གསུམ་པ་འཛུགས་གཉེར་བྱ་རྒྱུ་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས།
དོན་ཚན་ཞེ་བཞི།རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐག་གིས་འགྲིམ་འགྲུལ་སྐྱེལ་འདྲན་ལས་སྒོ་འཕེལ་རྒྱས་གཏོང་དགོས།གཞུང་ལམ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་ཆས་འཛུགས་སྐྲུན་དང་སྲུང་སྐྱོང་།དོ་དམ།བེད་སྤྱོད་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།རྒྱལ་ཁབ་ཀྱིས་རོགས་སྐྱོར་གནང་འོགསྲིད་གཞུང་གིས་མ་དངུལ་འཇོག་པ་གཙོ་བོ་བྱེད་པའི་ཞིང་སྡེའི་གཞུང་ལམ་བདག་སྐྱོང་གི་མ་དངུལ་ཡོང་ཁོངས་གསར་འཛུགས་དང་འཐུས་ཚང་བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་པོ་བྱས་ནས་སྐྱེལ་འདྲེན་གྱི་ནུས་པ་རྒྱ་སྐྱེད་གཏོང་དགོས།
རང་སྐྱོང་ལས་ཁུངས་ཀྱིས་སྦྲག་སྲིད་དང་འཕྲིན་ཡིག་བྱ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱས་ནས།སྦྲག་སྲིད་དང་འཕྲིན་ཡིག་བྱ་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ།ཆ་འཕྲིན་གློག་ཀླད་དྲ་བ་ཅན་འཛུགས་སྐྲུན་མགྱོགས་སུ་བཏང་ནས།ཆ་འཕྲིན་ཅན་གྱི་ཞབས་ཞུ་ཆུ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་ཞེ་ལྔ།རང་སྐྱོང་ལས་ཁུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་མཐོང་ཆེན་བྱས་ཏེ།གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཐད་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ།མི་རིགས་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མཚོན་པ་བྱེད་དགོས།གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་འཐུས་ཚང་གཏོང་བ་དང་རྫོང་མཁར་དང་གྲོང་རྡལ་ཆུང་གྲས།གྲོང་རྡལ་ཆུང་ཚོགས་བཅས་ཀྱི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བ་དང་།སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་གི་གནའ་བོའི་རྩིག་བཟོ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་ཞེ་དྲུགརང་སྐྱོང་ཁུལ་གྱིས་དེང་རབས་ཚོང་ར་མ་ལག་འཛུགས་པ་དང་འཐུས་ཚང་གཏོང་བ་དང་།ཚོང་རས་སྙོན་སྒྲིག་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།རྣམ་པ་སྣ་ཚོགས་ཀྱི་དབང་བའི་ལམ་ལུགས་སྤྱད་ནས་ཚོང་ཟོག་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ཟོག་ཉོ་ཚོང་གི་ཚོང་ར་དར་རྒྱས་ཡོང་བ་བྱེད་དགོས།
རང་སྐྱོང་ཁུལ་གྱི་ཚོང་ཟོག་ཉོ་ཚོང་དང་མཁོ་སྤྲོད།སྨན་རྫས་སོགས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་མི་རིགས་ཉོ་ཚོང་དང་མི་རིགས་སྤྱོད་ཆས་དམིགས་འཛུགས་ཐོན་སྐྱེད་བྱ་རྒྱུའི་སྲིད་ཇུས་གཞིར་བཟུང་ནས།རྒྱལ་ཁབ་ཀྱིས་མ་དངུལ་གཏོང་འཇོག་དང་དངུལ་རྩ།ཁྲལ་འབབ་བཅས་ཀྱི་ཐད་ལ་རོགས་སྐྱོར་བྱེད་པ་ལོངས་སྤྱོད་ཆོག
རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཐད་གཟིགས་སྐྱོང་སྲིད་ཇུས་ཡོད་པ་བེད་སྤྱོད་གང་ལེགས་བྱས་ནས།ཧུར་བརྩོན་གྱིས་ཕྱི་ཕྱོགས་སུ་ཉོ་ཚོང་གི་བྱེད་སྒོ་སྤེལ་ཏེ།ཁུལ་ནང་གི་མཐུན་རྐྱེན་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་འདེད་བྱེད་དགོས།
དོན་ཚན་ཞེ་བདུན།རང་སྐྱོང་ཁུལ་གྱིས་སྤྱི་ཁོག་ཐོག་དཔལ་འབྱོར་སྙོམ་སྒྲིག་བྱས་འོག་གཙོ་བོར་ཚོང་ར་ལས་རིན་གོང་ཆགས་པའི་ནང་རྐྱེན་རིམ་བཞིན་འཐུས་ཚང་བྱས་ནས།དྲང་གཞག་དང་མངོན་གསལ།ཁྲིམས་མཐུན་བཅས་ཀྱི་ཚོང་རའི་འགྲན་རྩོད་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱས་ཏེ།ཚུལ་མཐུན་གྱི་རིན་གོང་གོ་རིམ་སྲུང་སྐྱོང་དང་།རིན་གོང་འཕར་ཆག་ལ་ཁྲིམས་ལྟར་དོ་དམ་དང་།ལྟ་སྐུལ།དགོས་ངེས་ཀྱི་སྙོམ་སྒྲིག་བཅས་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རིན་གོང་དང་དངུལ་ལེན་དོ་དམ་གྱི་དབང་ཚད་ལྟར།རང་སྐྱོང་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རིན་གོང་དང་དངུལ་ལེན་དོ་དམ་བྱེད་ཐབས་གཏན་འབེབས་བྱེད་ཆོག
དོན་ཚན་ཞེ་བརྒྱད།རང་སྐྱོང་ལས་ཁུངས་ཀྱིས་ཉེན་མེད་ཐོན་སྐྱེད་ལ་མཐོང་ཆེན་བྱེད་དགོས་པ་དང་།ཉེན་མེད་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་དང་ལས་འཛོལ་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་པ་དང་འཐུས་ཚང་བྱས་ནས།ཉེན་མེད་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་།ངལ་རྩོལ་བདེ་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས།ངལ་རྩོལ་པའི་ལུས་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱེད་དགོས།
དོན་ཚན་ཞེ་དགུརང་སྐྱོང་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཆུ་ཚད་དང་མཐུན་པའི་རིམ་པ་མང་པོའི་སྤྱི་ཚོགས་ཀྱི་འགན་ལེན་མ་ལག་འཛུགས་པ་དང་འཐུས་ཚང་གཏོང་བ་དང་།སྤྱི་ཚོགས་འགན་སྲུང་གི་མ་དངུལ་འཇོག་པ་དེ་ཁ་སྣོན་འོང་མཚམས་བྱས་ནས་སྤྱི་ཚོགས་འགན་སྲུང་གི་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1