དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁྲིམས་སྲོལ།4

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


ལེའུ་དྲུག་པ།རང་སྐྱོང་ཁུལ་གྱི་ནོར་སྲིད་དོ་དམ་གྱི་སྐོར།
དོན་ཚན་ལྔ་བཅུ།རང་སྐྱོང་ཁུལ་གྱི་ནོར་སྲིད་ནི་ས་གནས་རིམ་པའི་ནོར་སྲིད་ཅིག་ཡིན་ཞིང་།སི་ཁྲོན་ཞིང་ཆེན་ནོར་སྲིད་ཀྱི་གྲུབ་ཆ་ཞིག་ཡིན།
རང་སྐྱོང་ལས་ཁུངས་ལ་རང་རེའི་ཁུལ་གྱི་ནོར་སྲིད་དོ་དམ་བྱེད་རྒྱུའི་རང་སྐྱོང་དབང་ཆ་ཡོད་པ་དང་།བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་བདག་གིས་ནོར་སྲིད་ཀྱི་སྔོན་རྩིས་བཀོད་སྒྲིག་དང་གཏོང་ཡོང་དོ་དམ་བྱེད་དགོས།
དོན་ཚན་ང་གཅིགརང་སྐྱོང་ལས་ཁུངས་ཀྱིས་ཞིང་ཆེན་གྱི་གཅིག་གྱུར་གྱི་ནོར་སྲིད་དོ་དམ་ལམ་ལུགས་ལག་ལེན་བྱེད་དགོས།རང་སྐྱོང་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ།ཁོངས་སུ་གཏོགས་པའི་རྫོང་གི་ནོར་སྲིད་སྒྲིག་གཞི་ལེགས་སྒྲིག་བྱེད་ཆོག་པ་དང་ཆབས་ཅིགསི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ནོར་སྲིད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།
དོན་ཚན་ང་གཉིས།རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྱི་ཚད་ལྡན་ནོར་སྲིད་བརྒྱུད་སྤྲོད་ལམ་ལུགས་ལྟར།རྒྱལ་ཁབ་དང་ཞིང་ཆེན་གྱི་སྤྱིར་བཏང་གི་རང་བཞིན་ལྡན་པའི་ནོར་སྲིད་བརྒྱུད་སྤྲོད་དང་ཆེད་སྤྲོད་ནོར་སྲིད་བརྒྱུད་སྤྲོད།མི་རིགས་ལ་གཟིགས་སྐྱོང་སྲིད་ཇུས་ཀྱི་ནོར་སྲིད་བརྒྱུད་སྤྲོད།རྒྱལ་ཁབ་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་རྣམ་པ་གཞན་དག་གི་ལྟ་རྟོག་བཅས་ལོངས་སྤྱོད་བྱེད་ཆོག་པ་དང་དུས་མཚུངས་སུ་ཞིང་ཆེན་གྱིས་རང་སྐྱོང་ཁུལ་ལ་ཡོང་འབབ་མཉམ་དུ་ལོངས་སྤྱོད་ཚང་མ་ཕྱིར་སློག་བྱེད་་པའི་ལྟ་རྟོག་ལོངས་སུ་སྤྱོད་ཆོག
རང་སྐྱོང་ལས་ཁུངས་ཀྱིས་ཁོང་རིམ་གྱིས་རང་སྐྱོང་ཁུལ་ལ་སྤྲད་པའི་ཆེད་སྤྱོད་མ་དངུལ་རྣམ་གྲངས་ཁག་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།
དོན་ཚན་ང་གསུམ།རང་སྐྱོང་ཁུལ་གྱི་ནོར་སྲིད་གཏོང་ཡོང་གི་ཚན་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་བཀོད་སྒྲིག་བྱེད་དགོས།རང་སྐྱོང་ཁུལ་གྱི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་ཐད་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བབ་བསྟུན་མ་དངུལ་ཟུར་གཅོད་བྱེད་པ་དང་གྲབས་དངུལ་འཇོག་གྲངས་ཀྱིས་སྔོན་རྩིས་ནང་བཟུང་བའི་བསྡུར་ཚད་དེ་སྤྱིར་བཏང་གི་ས་ཁུལ་ལས་མཐོ་བ་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་བའི་གོ་རིམ་ནང་ནོར་སྲིད་ཀྱི་ཡོང་སྒོ་ཚད་བརྒལ་གྱི་ཆ་དང་གཏོང་སྒོའི་ལྷག་འཕྲོ།གཏན་འབེབས་ལྟར་རང་སྐྱོང་ཁུལ་ལ་བཞག་པའི་བབ་བསྟུན་ནོར་ཤུགས་དང་།སྔོན་རྩིས་ནང་མི་ཐེ་བའི་ཡོང་སྒོ་སོགས་ཀྱི་མ་དངུལ་དེ་དག་རང་བདག་གིས་བཀོད་སྒྲིག་དང་བེད་སྤྱོད་བྱེད་ཆོག
རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ནོར་ཤུགས་ཁ་གསབ་དང་རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་སྒོ་གཉིས་ཀྱིས་གླ་ཕོགས་གཏོང་བ་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱུན་ལྡན་འཁོར་སྐྱོད་ལ་དགོས་ངེས་ཀྱི་གཞི་རྩའི་འགྲོ་གྲོན་འགན་ལེན་བྱས་མི་ཐུབ་དུས།གོང་རིམ་ནོར་སྲིད་ལ་སྙན་སེང་ཞུས་ནས་ཐག་གཅོད་བྱེད་རོགས་ཞུ་དགོས།
དོན་ཚན་ང་བཞི།རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་འགྲོ་སོང་ཁག་གི་ཚད་གཞི་དང་མི་གྲངས་གཏན་འཁེལ།ལས་འགན་བཅད་གྲངས་བཅས་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་རྩ་དོན་ལ་གཞིགས་པ་དང་རང་སྐྱོང་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས།ཁ་གསབ་གཏན་འབེབས་དང་བྱེད་ཐབས་ཞིབ་ཕྲ་བཟོ་འགོད་བྱེད་ཆོག་པ་དང་དུས་མཚུངས་སུ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཞུ་དགོས།
དོན་ཚན་ང་ལྔ།རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་བཅའ་ཁྲིམས་ལག་ལེན་བྱེད་དུས།རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་ཆག་ཡང་དང་རྩ་ཆག་གཏོང་བའི་དཔྱ་ཁྲལ་གྱི་རྣམ་གྲངས་ཕུད།
རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་འབབ་ཀྱི་དགོས་མཁོ་འགའ་ཞིག་གི་རྐྱེན་གྱིས་ཁྲལ་བསྡུའི་ཐོག་ནས་ལྟ་རྟོག་བྱེད་དགོས་རིགས་རིགས་ཡིན་ཕྱིན།སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ནས་ཞིབ་བཤེར་ཆོག་མཆན་སྤྲད་རྗེས།དཔྱ་ཁྲལ་ཡང་དུ་གཏོང་བའམ་རྩ་ཆག་གཏོང་ཆོག
དོན་ཚན་ང་དྲུགརང་སྐྱོང་ཁུལ་ནང་གི་དངུལ་རྩ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཧུར་བརྩོན་གྱིས་དངུལ་རྩའི་ལས་སྒོ་སྤེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རང་སྐྱོང་ཁུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་རྣམ་གྲངས་དང་།ཁེ་ལས་བདག་གཉེར།ཐོན་ཁུངས་གསར་སྦོལ།དཔལ་འབྱོར་སྣ་ཚོགས་འཕེལ་རྒྱས་གཏོང་བ་བཅས་ཐད་ཀྱི་ལུགས་མཐུན་གྱི་མ་དངུལ་དགོས་མཁོ་ལ་རྒྱབ་སྐྱོར་བྱེད་དགོས།
རང་སྐྱོང་ཁུལ་གྱིས་གྲོང་གསེབ་ཀྱི་ཡིད་རྟོན་ཁང་ཡག་པོ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ།དེས་ཞིང་འབྲོག་པ་དང་ཞིང་ལས།ཞིང་སྡེའི་དཔལ་འབྱོར་བཅས་ལ་ཞབས་ཞུ་བྱེད་ཚད་ཆེ་རུ་གཏོང་དགོས།དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་དགོས་མཁོ་ལ་གཞིགས་ནས་ཁྲིམས་ལྟར་ས་གནས་ཀྱི་ཚོང་ལས་དངུལ་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡིད་རྟོན་མཉམ་ལས་རྩ་འཛུགས།དེ་མིན་གྱི་དངུལ་རྩ་ལས་ཁུངས་གཞན་དག་བཅས་འཛུགས་ཆོག
རང་སྐྱོང་ཁུལ་གྱིས་ཁྲིམས་ལྟར་སྤྱི་ཚོགས་ཀྱི་ཡིད་རྟོན་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ།དངུལ་རྩའི་འཁོར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས།རང་སྐྱོང་ཁུལ་གྱིས་ཉེན་འགོག་བྱ་བ་གོང་སྤེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ང་བདུན།རང་སྐྱོང་ཁུལ་གྱི་རྩིས་བཤེར་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ཀྱིས་རྩིས་བཤེར་དང་ལྟ་སྐུལ་དབང་ཆ་སྤྱོད་་པ་དང་།རང་ཉིད་རིམ་པའི་མི་དམངས་སྲིད་གཞུང་དང་གོང་རིམ་རྩིས་བཤེར་ལས་ཁུངས་ལ་འགན་ཁུར་བ་དང་ལས་ཀའི་སྙན་སེང་ཞུ་དགོས།
རང་སྐྱོང་ཁུལ་གྱི་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་དོ་དམ་གྱི་དབང་ཚད་ལྟར།ཁྲིམས་ལྟར་ཁུལ་ནང་གི་རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱི་ནོར་སྲིད་གཏོང་ཡོང་དང་རྒྱལ་ཁབ་ལ་དབང་བའི་དངུལ་རྩ་ལས་ཁུངས།རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ཀྱིས་མ་རྐང་ཚོད་འཛིན་བྱེད་པའི་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ནོར་དོན་གཏོང་ཡོང་།དེ་མིན་གྱི་ཁྲིམས་ལྟར་རྩིས་བཤེར་དང་ལེན་བྱེད་དགོས་པའི་ནོར་སྲིད་དང་ནོར་དོན་གྱི་གཏོང་ཡོང་བཅས་ལ་རྩིས་བཤེར་དང་ལྟ་སྐུལ་ནན་པོ་བྱས་ནས།རྒྱལ་ཁབ་ཀྱི་ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་དགོས།
ལེའུ་བདུན་པ།རང་སྐྱོང་ཁུལ་གྱི་སློབ་གསོ་དང་ཚན་རིག་རིག་གནས།འཕྲོད་བསྟེན་བཅས་ཀྱི་ལས་དོན་སྐོར།
དོན་ཚན་ང་བརྒྱད།རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོ་བྱེད་ཕྱོགས་གཞིར་བཟུང་ནས།བཅའ་ཁྲིམང་ཀྱི་གཏན་འབེབས་ལྟར་རང་རེའི་ཁུལ་གྱི་སློབ་གསོའི་འཆར་འགོད་དང་རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་གསར་འཛུགས་དང་སློབ་ཡུན།སློབ་གྲྭ་གཉེར་སྟངས།སློབ་ཁྲིད་ཀྱི་ནང་དོན།སློབ་ཁྲིད་ཀྱི་འཆར་གཞི།སློབ་ཁྲིད་བྱེད་ཡས་སྐད་རིགས།སློབ་གྲྭ་བསྡུ་ཐབས་སོགས་གཏན་འབེབས་བྱེད་ཆོག
རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་གྱིས་ཁྲིམས་ལྟར་སློབ་ཁྲིད་སྐྱོང་བ་དང་སློབ་གསོ་བཅོས་བསྒྱུར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ།ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དང་གཞིན་ནུ་དང་དར་མ་ཡིག་རྨོངས་སེལ་བའི་སློབ་གསོའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་རྨང་གཞིའི་སློབ་གསོར་ཤུགས་སྣོན་རྒྱག་པ།ལས་རིགས་ལག་རྩལ་གྱི་སློབ་གསོ་དང་དམིགས་བསལ་གྱི་སློབ་གསོ།དར་མའི་སློབ་གསོ་བཅས་གོང་སྤེལ་ཤུགས་ཆེ་རུ་གཏོང་བ།འཆར་གཞི་ཡོད་པའི་སྒོ་ནས་མཐོ་རིམ་སློབ་གསོ་གོང་འཕེལ་གཏོང་བ།སློབ་ན་མ་སོན་པའི་བྱིས་པའི་སློབ་གསོར་མཐོང་ཆེན་བྱེད་པ།ཧུར་བརྩོན་གྱིས་ཞིང་ལས་དང་ཚན་རིགསློབ་གསོ་གསུམ་ཟུང་འབྲེལ་བྱེད་པའི་གྲོང་གསེབ་ཀྱི་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་སྤེལ་བ།ལས་བཟོའི་ལས་ཞོར་སློབ་གསོ་དང་གྲོང་ཁྱེར་དང་གྲོང་རྡལ་འདུས་སྡེ་སློབ་གསོ་ལ་མཐོང་ཆེན།རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱེད་དགོས།
དོན་ཚན་ང་དགུ།རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ།མི་རིགས་ཀྱི་སློབ་གྲྭར་རྒྱུན་སྡོད་ལམ་ལུགས་ཀྱི་སློབ་ཆུང་དང་།མི་རིགས་ཀྱི་སློབ་གྲྭར་རྒྱུན་སྡོད་ལམ་ལུགས་ཀྱི་སློབ་འབྲིང་།མི་རིགས་ཀྱི་ལས་རིགས་སློབ་གྲྭ་འབྲིང་རིམ་དང་མཐོ་རིམ་བཅས་ཡག་པོ་གཉེར་དགོས།
རང་སྐྱོང་ཁུལ་ནང་གི་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭས་སློབ་མ་བསྡུ་སྐབས་བོད་རིགས་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་ལེན་བྱ་རྒྱུའི་ཚད་གཞི་དང་ཆ་རྐྱེན་འོས་མཚམས་ཀྱིས་ལྷོད་དུ་གཏོང་བ་དང་།རྒྱ་རིགས་སྤྱི་དམངས་ཁུལ་ནང་ལ་ལས་དོན་སྒྲུབ་པ་དང་བསྡད་ནས་ལོ་བཅུ་ཡན་ཡིན་ན།དེའི་བུ་དང་བུ་མོ་སློབ་རིམ་འཕར་བའི་ཐད་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་མཉམ་པ་བྱེད་དགོས།
རང་སྐྱོང་ཁུལ་གྱིས་མི་རིགས་སྐད་ཡིག་གིས་སློབ་ཁྲིད་བྱེད་པར་མཐོང་ཆེན་བྱེད་དགོས་པ་དང་།མང་ཚོགས་ཀྱི་རེ་འདུན་དང་སྐད་ཡིག་སྤྱོད་ཡུལ་ལ་གཞིགས་ནས།རྒྱའི་སྐད་ཡིག་དང་མི་རིགས་སྐད་ཡིག་གཉིས་ཀྱིས་མཉམ་དུ་སློབ་ཁྲིད་བྱེད་དགོས།རང་སྐྱོང་ཁུལ་ནང་གི་རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭས་སློབ་མ་བསྡུ་སྐབས།སློབ་མས་རྒྱ་ཡིག་གམ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་རྒྱུགས་སྤྲོད་ཆོག
དོན་ཚན་དྲུག་ཅུ།རང་སྐྱོང་ལས་ཁུངས་ཀྱིས་རིག་སྟོབས་ཐད་མ་དངུལ་འཇོག་རྒྱུར་མཐོང་ཆེན་བྱེད་པ་དང་།ལོ་རེའི་སློབ་གསོ་གྲོན་དངུལ་གྱི་འཕར་ཚད་དེ་ནོར་སྲིད་ཀྱི་རྒྱུན་ལྡན་ཡོང་སྒོའི་འཕར་ཚད་ལས་མཐོ་བ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ།སློབ་གྲྭར་ཡོད་པའི་སློབ་མ་མི་རེའི་ཆ་སྙོམས་སློབ་གསོའི་གྲོན་དངུལ་དང་སྤྱོད་ཀྱི་གྲོན་དངུལ་དེ་རིམ་བཞིན་འཕར་སྣོན་ཡོང་བ་བྱེད་དགོས།
རང་སྐྱོང་ཁུལ་གྱིས་སྲིད་གཞུང་གིས་སློབ་གྲྭ་འཛུགས་གཉེར་བྱེད་པ་གཙོ་བོ་བྱས་ཐོག་རྒྱལ་ཁབ་ལས་ཁུངས་ཕུད་པའི་སྤྱི་ཚོགས་མརྩ་འཛུགས་སམ་མི་སྒེར་གྱིས་རྒྱལ་ཁབ་ཀྱི་ནོར་སྲིད་མིན་པའི་གྲོན་དངུལ་སྤྱད་ནས་ཁྲིམས་ལྟར་སློབ་གྲྭ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བྱེད་པ་དང་།སློབ་གྲྭ་འཛུགས་གཉེར་དང་སློབ་གཉེར་རོགས་སྐྱོར་བྱེད་དངུལ་ཞལ་འདེབས་འབུལ་བར་སྐུལ་འདེད་བྱེད་དགོས།དམངས་འཛུགས་སློབ་གསོ་གོང་སྤེལ་བྱེད་པར་བྱས་རྗེས་མངོན་གསལ་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་བྱ་དགའ་སྤྲོད་པ་དང་གཟེངས་བསྟོད་བྱེད་དགོས།
དོན་ཚན་རེ་གཅིགརང་སྐྱོང་ལས་ཁུངས་ཀྱིས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཟམ་མི་ཆད་པར་དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་དགོས།ཆབ་སྲིད་དང་དཔལ་འབྱོར།འཚོ་བ།སློབ་སྦྱོང་སོགས་ཀྱི་ཐད་ནས་དགེ་རྒན་རྣམས་ལ་སེམས་ཁུར་དང་།ཁྲིམས་ལྟར་དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ།དགེ་རྒན་ལ་གུས་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་པ་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་དང་མི་རིགས་གཞན་དག་གི་མི་སྣས་གཙོ་བོ་བྱེད་པའི་དགེ་རྒན་གསོ་སྐྱོང་ཧུར་ཐག་བྱེད་པ་དང་ཆབས་ཅིགདམིགས་བསལ་གྱི་བྱེད་ཐབས་བླངས་ནས་རང་སྐྱོང་ཁུལ་ཕྱི་ནས་དགེ་རྒན་ནང་འགུགས་དང་།ཁུལ་ཕྱིའི་དགེ་རྒན་དང་ཆེད་རམས་པ།ཡོན་ཏན་ཅན་བཅས་ཁུལ་ནང་དུ་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱེད་དུ་འཇུག་དགོས།
དོན་ཚན་རེ་གཉིས།རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ལག་རྩལ་གྱི་ལས་དོན་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་།དཔལ་འབྱོར་འཛུགས་སྐྲུན་དེ་ཚན་རིག་ལག་རྩལ་ལ་རྟེན་པ་རྒྱུན་འཁྱོངས།ཚན་རྩལ་མི་སྣ་དཔལ་འབྱོར་འཛུགས་སྐྲུན་ལ་ཞུགས་པར་སྐུལ་འདེད་བཅས་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་དོན་དངོས་ལ་དམིགས་ནས་ཚན་རིག་ལག་རྩལ་གོང་སྤེལ་གཏོང་རྒྱུའི་འཆར་འགོད་གཏན་འབེབས་བྱེད་པ་དང་།ཚན་རིག་ལག་རྩལ་གྱི་སྒྲིག་གཞི་བཅོས་བསྒྱུར་བྱེད་པ།ཚན་རིག་ཞིབ་འཇུག་ལས་ཁུངས་དང་ལག་རྩལ་ཁྱབ་གདལ་མ་ལག་འཛུགས་པ་དང་འཐུས་ཚང་གཏོང་བ།རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུགཚན་རྩལ་ཆ་འཕྲིན་གྱི་ལས་ཀ་བཅས་ལ་ཤུགས་སྣོན་རྒྱག་པ།རིག་གཞུང་དང་ཚན་རྩལ་གྲུབ་འབྲས་ཁྱབ་གདལ།ཚན་རིག་ལག་རྩལ་གྱི་ཤེས་བྱ་ཁྱབ་གདལ་བཅས་བྱེད་དགོས།ད་རུང་དམངས་གཉེར་གྱི་ཚན་རྩལ་ཁེ་ལས་གསར་འཛུགས་བྱེད་པར་སྐུལ་འདེད་བྱེད་དགོས།
རང་སྐྱོང་ཁུལ་གྱི་ས་གནས་ནོར་སྲིད་ནས་ཚན་རིག་ལག་རྩལ་ཐད་མ་དངུལ་གཏོང་འཇོག་བྱེད་པ་དེ་ནོར་སྲིད་ཀྱི་རྒྱུན་ལྡན་ཡོང་སྒོ་འཕར་ཚད་ལས་མཐོ་བ་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་ཚན་རྩལ་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་།ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལ་སྲུང་སྐྱོང་།ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་ཚན་རྩལ་གསར་གཏོད་བྱེད་པར་བྱ་དགའ་སྤྲོ་དགོས།
དོན་ཚན་རེ་གསུམ།རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་དང་།རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས།མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་བཅས་ལག་ལེན་བྱས་ནས།མི་རིགས་ཀྱི་ཁྱད་ཆོས་དང་ཉམས་འགྱུར་ལྡན་པའི་རྩོམ་རིག་དང་སྒྱུ་རྩལ།གསར་འགྱུར།དཔེ་སྐྲུན།གློག་བརྙན།རླུང་འཕྲིན་སོགས་རིག་གནས་བྱ་བ་དར་རྒྱས་གོང་འཕེལ་བཏང་བ་དང་།རིག་གནས་ཚོང་རའི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས།མི་རིགས་ཀྱི་རིག་གནས་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།རྒྱ་ཁྱབ་ཏུ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རིག་གནས་བྱེད་སྒོ་སྤེལ་བ་བཅས་བྱས་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་ཡོང་བ་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་ལོ་རྒྱུས་དང་སྒྱུ་རྩལ།ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་རིག་གནས་དངོས་རྫས་དང་།གནའ་ཤུལ་གྲགས་ཅན་ཚང་མ་སྲུང་སྐྱོང་དང་།རྩ་ཆེན་གྱི་རིག་གནས་དངོས་པོ་དང་།མི་རིགས་རིག་གནས་ཀྱི་ཤུལ་རྫས་མྱུར་སྐྱོབ་དང་འཚོལ་ཞིབ།བསྡུ་རུ་བ།ལེགས་སྒྲིགཞིབ་འཇུག་བཅས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས།
རང་སྐྱོང་ལས་ཁུངས་ཀྱིས་ས་གནས་ལོ་རྒྱུས་རྩོམ་སྒྲིག་བྱ་རྒྱུའི་ལས་ཀར་མཐོང་ཆེན་བྱེད་དགོས།རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སྐད་ཡིག་ཞིབ་འཇུག་དང་ཡིག་སྒྱུར་ལས་ཀར་མཐོང་ཆེན་བྱེད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1