དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁྲིམས་སྲོལ།5

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དོན་ཚན་རེ་བཞི།རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བ་འཕེལ་རྒྱས་གཏོང་བ་དང་།རིམ་པ་ཁག་གི་སྨན་བཅོས་འཕྲོད་བསྟེན་དང་རིམས་ནད་ཚོད་འཛིན་ལས་ཁུངས་འཛུགས་པ་དང་འཐུས་ཚང་བཏང་ནས་རིམས་ནད་དང་ཡུལ་ནད།འགོས་ནད་ཚབས་ཆེན་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་ཀ་དང་མ་བུ་འཕྲོད་བསྟེན་བདེ་སྲུང་ལས་ཀར་ཤུགས་སྣོན་རྒྱག་པ་དང་།སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་བཅོས་བྱེད་དགོས།
རང་སྐྱོང་ལས་ཁུངས་ཀྱིས་རྒྱ་སྨན་དང་བོད་སྨན། ཕྱི་རྒྱལ་གྱི་སྨན་གསུམ་ཟུང་འབྲེལ་བྱེད་པ་དར་སྤེལ་བཏང་ནས། མི་རིགས་ཀྱི་སྲོལ་རྒྱུན་ལྡན་པའི་གསོ་རིག་ཤུལ་རྫས་རྒྱུན་འཛིན་དང་། སྨན་བཅོས་འཕྲོད་བསྟེན་གྱི་ལག་རྩལ་གསར་པ་ཁྱབ་གདལ། དེང་རབས་ཀྱི་སྨན་བཅོས་དང་བོད་རིགས་ཀྱི་སྨན་བཅོས་ལས་དོན་གོང་འཕེལ་གཏོང་བ་བཅས་བྱེད་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་སྔོན་འགོག་གཙོ་བོ་བྱེད་པའི་བྱེད་ཕྱོགས་ལག་ལེན་བྱས་ནས། རྒྱལ་གཅེས་གཙང་སྦྲའི་ལས་འགུལ་དང་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་དང་འཕྲོད་བསྟེན་གྱི་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ཏེ། ཟམ་མི་ཆད་པར་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་དགོས། 
རང་སྐྱོང་ཁུལ་གྱིས་སྨན་བཅོས་འཕྲོད་བསྟེན་བྱ་བར་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་བཅོས་འགན་ལེན་གྱི་ནང་རྐྱེན་དང་སྤྱི་ཚོགས་ཀྱི་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་བབ་བསྟུན་ཐག་གཅོད་ཀྱི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་གཏོང་བ། ཐུན་མོང་དང་སྒེར་གཉེར། མ་རྩ་མཉམ་འཇོག་མཉམ་ལས། མ་རྐང་ལམ་ལུགས་སོགས་རྣམ་པ་སྣ་ཚོགས་ཀྱི་སྨན་བཅོས་ལས་ཁུངས་གསར་འཛུགས་བྱེད་པར་སྐུལ་འདེད་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་དང་བཟའ་ཆས་ཀྱི་འཕྲོད་བསྟེན། སྨན་རྫས། སྨན་བཅོས་ཀྱི་ཡོ་བྱད་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལུས་ཁམས་ཉེན་མེད་བདེ་ཐང་ཡོང་བར་འགན་སྲུང་བྱེད་དགོས། 
དོན་ཚན་རེ་ལྔ། རང་སྐྱོང་ཁུལ་གྱི་འཆར་ལྡན་སྐྱེ་བཙའ་དང་ལེགས་ལེགས་གསོ་བྱ་རྒྱུ་དར་སྤེལ་གཏོང་བ་དང་། གཉེན་སྒྲིག་ཕྱི་འགྱངས་དང་ཕྲུ་གུ་ཕྱི་བཙའ་བྱེད་པ་སྐུལ་འདེད་བྱས་ནས། མིའི་སྤུས་ཚད་མཐོ་རུ་བཏང་སྟེ། མི་གྲངས་ཀྱི་འཕར་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་སྤེལ་དང་མཐུན་པ་བྱེད་དགོས། 
རང་སྐྱོང་ཁུལ་གྱིས་རྒྱུན་སྡོད་མིན་པའི་མི་གྲངས་ཀྱི་འཆར་ལྡན་བུ་བཙའི་དོ་དམ་དང་ཞབས་ཞུ་ལས་ཀར་ཤུགས་སྣོན་རྒྱག་དགོས། 
དོན་ཚན་རེ་དྲུགརང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་གྱིས་ལུས་རྩལ་ལས་སྒོ་གོང་དུ་སྤེལ་ནས། ལུས་རྩལ་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་སྔོག་འདོན་དང་ལེགས་སྒྲིག་བྱེད་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་མང་ཡོང་བ་བྱེད་དགོས། 
དོན་ཚན་རེ་བདུན། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་སྲུང་སློབ་གསོར་མཐོང་ཆེན་བྱས་ཏེ། རང་སྐྱོང་ཁུལ་ནང་གི་རྒྱལ་སྲུང་རྗེས་གྲབས་ནུས་ཤུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་གྱིས་དམངས་སྲིད་ཀྱི་བྱ་བ་ཁག་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་པ་དང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་སྒོ་སྤེལ་བ། སྤྱི་ཚོགས་ཕན་བདེའི་བྱ་བ་གསར་འཛུགས་བྱེད་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བཀོད་སྒྲིག་དང་དམག་བཀུར། ཁྱིམ་སྐྱོང་སོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་གྱིས་བཅས་དབང་པོ་སྐྱོན་ཅན་སྐོར་གྱི་བྱ་བ་ཁག་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་ནས། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། 
ལེའུ་བརྒྱད་པ། རང་སྐྱོང་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དོ་དམ་བྱ་རྒྱུའི་སྐོར། 
དོན་ཚན་རེ་བརྒྱད། རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དགོས་མཁོ་གཞིར་བཟུང་ནས། བོད་རིགས་དང་མི་རིགས་གཞན་དག་ནང་ནས་རིམ་པ་ཁག་གི་ལས་བྱེད་པ་དང་ཚན་རིག་ལག་རྩལ། བདག་གཉེར་དོ་དམ་ལས་རིགས་སོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་དང་། རྒྱུན་མི་ཆད་པར་དེ་ཚོའི་ཆབ་སྲིད་ཀྱི་བྱང་ཚད་དང་བྱེད་སྒོའི་བྱང་ཚད་མཐོ་རུ་བཏང་སྟེ། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་འཛུགས་གང་ཐུབ་བྱེད་དགོས། དམིགས་བསལ་གྱི་སྲིད་ཇུས་དང་གཟིགས་སྐྱོང་གི་བྱེད་ཐབས་སྤྱད་ནས་དགོས་མཁོ་ཆེ་བའི་ཆེད་ལས་ཤེས་ལྡན་མི་སྣ་ནང་འགུགས་བྱེད་དགོས། 
དོན་ཚན་རེ་དགུ། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ལས་བྱེད་པའི་སྲིད་ཇུས་གཞིར་བཟུང་ནས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་ཐོན། བཀོལ་སྤྱོད་བཅས་ཤུགས་ཆེན་བྱེད་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་དོན་ལས་སྒྲུབ་མི་སྣ་བསྡུ་བ་དང་གདན་ཞུས་སྐུལ་སྤྱོད་ཀྱི་བྱེད་ཐབས་གཏན་འབེབས་བྱེད་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་ཚོང་ར་དང་ལས་ཞུགས་ཞབས་འདེགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་གཏོང་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཞབས་པ་དང་ལས་སྒྲུབ་མི་སྣ་གཞན་དག་བསྡུ་དུས། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ལ་ལྟ་རྟོག་འོས་འཚམས་བྱེད་དགོས། རང་སྐྱོང་ཁུལ་ནང་གི་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱིས་མི་སྣ་གདན་ཞུས་སྐུལ་སྤྱོད་བྱེད་དུས། ཆ་རྐྱེན་འདྲ་མཉམ་ཡིན་ན། ས་གནས་དེ་གའི་སྤྱི་དམངས་དམིགས་སུ་བཀར་ནས་གདན་ཞུས་སྐུལ་སྤྱོད་བྱེད་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་དང་རང་རེའི་ཁུལ་གྱི་གནས་ཚུལ་དངོས་གཞིགས་ནས། རང་སྐྱོང་ཁུལ་གྱི་རང་བཞིན་ལྡན་པའི་ཕོགས་སྣོན་དང་གསབ་སྣོན་བྱེད་ཐབས། ལས་བྲལ་དང་ལས་འཁྱུར་ངལ་གསོ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཏན་འཁེལ་བྱེད་དགོས། 
ལེའུ་དགུ་པ། ཞར་བྱུང་། 
དོན་ཚན་བདུན་ཅུ། ལོ་རེའི་ཟླ་11པའི་ཚེས་24ཉིན་ནི་རང་སྐྱོང་ཁུལ་བཙུགས་པའི་དྲན་གསོ་ཉིན་ཡིན་པས། རང་སྐྱོང་ཁུལ་གྱིས་གུང་གསེང་ཉིན་གསུམ་གཏོང་རྒྱུ་ཡིན། 
རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྲོལ་རྒྱུན་དུས་ཆེན་ལ་བརྩི་འཇོག་བྱེད་དགོས། 
དོན་ཚན་དོན་གཅིགཁྲིམས་སྲོལ་འདི་སི་ཁྲོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན་པ་ཡིན། 
རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་སྲོལ་འདིར་བརྟེན་ནས་ལག་ལེན་བྱེད་ཐབས་གཏན་འབེབས་བྱེད་དགོས། ཁྲིམས་སྲོལ་འདིའི་འགྲེལ་བཤད་བྱ་རྒྱུའི་དབང་ཆ་དེ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1