༄༅།། བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ་གསུམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པའི་དྲ་བ། སྤེལ་དུས། 03-01


  ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོ་དུས་རབས་7པར་བཞེངས་པ་དང་ད་ལྟའི་བར་དུ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ཡོད། འཛུགས་སྐྲུན་དེའི་སྤྱིའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ་ཁྲི་36ལྷག་ཙམ་ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྨིས་360ཡོད་ལ། ལྷོ་བྱང་གི་ཞེང་ཚད་ལ་སྨིས་270ཡོད། འཛུགས་སྐྲུན་དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཡིན་པའི་ཕོ་བྲང་དང་མཁར་རྫོང་། དགོན་པ་བཅས་ངོ་བོ་གཅིག་ཏུ་འདྲེས་ཡོད་ལ་བརྗིད་ཆགས་ཉམས་དགའི་འཛུགས་སྐྲུན་ཞིག་ཡིན། ཕོ་བྲང་པོ་ཏ་ལ་དེ་ཉིད་སྤྱི་ལོ་1994ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རྩལ་རིག་གནས་སྒྲིག་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་ནང་ཐོ་འགོད་བྱས་པ་དང་། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་གཞི་ཁྱོན་ཆེ་བའི་ཉམས་གསོ་ཐེངས་གཉིས་པ་བྱས་པ་རེད།

  བསམ་གྲུབ་རྩེ་མཁར་རྫོང་ལ་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་གཞིས་རྩེ་ས་ཁུལ་གྱི་འཛུགས་སྐྲུན་ཆེས་སྔ་ཤོས་ཀྱི་གྲས་ཤིག་ཡིན། སྤྱི་ལོ་1363ལོར་འཛུགས་སྐྲུན་བྱས་རྗེས་དུས་རབས་ཀྱི་རླབས་རྒྱུན་དྲག་པོ་དང་མིས་བཟོས་གཏོར་སྐྱོན་འོག་དུས་རབས་གཅིག་རིང་ཁང་གོག་གྱང་ཧྲུལ་ལས་ལྷག་མེད། སྤྱི་ལོ་2004ལོའི་ལོ་མཇུག་ནས་བཟུང་། བསམ་གྲུབ་རྩེ་མཁར་རྫོང་བསྐྱར་སྐྲུན་བྱས་པ་དང་།བསྐྱར་སྐྲུན་བྱས་རྗེས་ཀྱི་བསམ་གྲུབ་རྩེ་མཁར་རྫོང་སྟེ་པོ་ཏ་ལ་ཆུང་བ་དེ་ཉིད་གཙང་ཁུལ་རིག་གནས་ཀྱི་འགྲེམ་སྟོན་ལྟེ་གནས་སུ་གྱུར་ཡོད། 


  བོད་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་གི་ཕོ་བྲང་པོ་ཏ་ལ་སྟེ་བཙན་སྡེ་དགོན་དེ་སོག་རྫོང་གི་ལྷོ་སྣེའི་རི་བོ་ཆུང་ཆུང་ཞིག་གི་སྟེང་གནས་ཡོད་པའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་གྲགས་ཅན་ཞིག་ཡིན་པ་དང་། བཙན་སྡེ་དགོན་དེ་སྤྱི་ལོ་1667ལོར་བཞེངས་པ་དང་། སྤྱི་ལོ་1985ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྱར་སྐྲུན་བྱས་པ་རེད། དགོན་པ་དེ་རི་བོའི་སྟེང་དུ་ཆགས་ཡོད་པ་དང་།ཕོ་བྲང་ལ་དཀར་པོ་དང་དམར་པོ་གཉིས་ལས་གྲུབ་པས་འཛུགས་སྐྲུན་ཀྱི་རྣམ་པའི་ཐད་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་ཧ་ཅང་འདྲ་པོ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1