༄༅།།སྟོད་ལུང་མཚོ་སྨད་ལྷ་ཁང་དགོན།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།«ལྷ་སའི་དགོན་ཐོ་»ལས་བཏུས། སྤེལ་དུས། 03-09


  གྲུབ་མཐའ། ཐོག་མར་བཀའ་གདམས་དགོན། བར་དུ་ས་སྐྱ་ཕྱིས་སུ་དགེ་ལུགས། འདེབས་ལོ། སྤྱི་ལོ་དུས་རབས་བཅུ་གཅིག་ནང་། འདེབས་མཁན། དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་ཁོངས་སྟོད་ལུང་བདེ་ཆེན་རྫོང་། མཚོ་སྨད་ཤང་།

  རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་དགོན་འདིར་ཞབས་སོར་བཀའ་དྲིན་བསྐྱངས་བ་མ་ཟད། དགེ་འདུན་གྱི་འདུལ་ཁྲིམས་བཅའ་ཡིག་གསར་བསྒྲིགས་མཛད་དེ་དགོན་འདིའི་བྱུང་བའི་ཐད་འདི་ལྟར་བཀའ་སློབ་བསྩལ་ཡོད་པ་ནི། དགེ་བཅུ་ཚང་བའི་ཡུལ་སྟོད་ལུང་དུ་མཚོ་སྨད་ལྷ་ཁང་ཞེས་གྲགས་པ་འདི་ཉིད་དང་པོ་ཀླུ་མེས་ཀྱི་འདེབས་པ་མཛད་ཅིང་། སྐ་བ་ཤཱཀྱ་དབང་ཕྱུག་གིས་དར་རྒྱས་སུ་མཛད་པའི་བཀའ་གདམས་དགོན་རྙིང་ལ་བར་སྐབས་ས་ལུགས་སུ་འགྱུར་བའི་མཁན་པོ་རྡོ་རྗེ་རིན་ས་རྡོར་རྒྱལ་བ་བསོད་ནམས་དོན་གྲུབ། མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་སོགས་རིམ་པས་བསྐྱངས། ཕྱིས་དགེ་ལུགས་སུ་འགྱུར་བའི་ཚ་བ་ནམ་མཁའ་ཤེས་རབ་སོགས་བླ་རབས་ཟམ་མི་ཆད་པར་བྱུང་ཞིང་ཕལ་ཆེར་གྲྭ་ས་ཆེན་པོ་འབྲས་སྤུངས་སུ་མཚན་ཉིད་དང་། དཔལ་ལྡན་སྨད་རྒྱུད་དུ་སྔགས་ཀྱི་བསླབ་གཉེར་ལ་འབྱོན་པ་སོགས་ལྟ་གྲུབ་གཙང་བའི་དགོན་པ་ཨང་དང་པོའི་གྲས་ཞེས་འཁོད། སྤྱི་ལོའི་དུས་རབས་བཅུ་བདུན་ནང་དགོན་འདིར་ཉམས་རྒུད་ཆེན་པོ་བྱུང་སྟེ་དགེ་འདུན་རྣམས་ཁ་ཐོར་སོང་བ་དང་། དགོན་པའི་ཆོས་གཞིས་ཡོད་པ་རྣམས་འབྲས་སྤྱི་གསོས་བདག་གཉེར་འཛིན། དེ་ནས་མི་རིང་བར་དགེ་མིང་བསྟན་འཛིན་བཟོད་པས་གཙོས་གྲྭ་མང་འགའ་ཞིག་གིས་སླར་གསོ་མཛད་པ་དང་། འབྲས་སྔགས་མཁན་པོ་ངག་དབང་རྒྱ་མཚོས་རྟེན་རྫས་དུ་མ་འབུལ་བ་དང་གྲྭ་གྲངས་ཀྱང་ཇེ་འཕེལ་སོང་བ་མ་ཟད། གཏེར་སྟོན་འཇིགས་མེད་གླིང་པའི་གདུང་བརྒྱུད་མཆོག་སྤྲུལ་ཐུབ་བསྟན་དར་རྒྱས་ཀྱིས་དགོན་འདིའི་དཀྱིལ་འཁོར་ཐིགས་རྩ་དང་། ཆོ་ག་ཕྱག་ལེན་སློབ་གཉེར་བསྐྱངས་པ་ལ་བརྟེན་རིམ་བཞིན་དར་རྒྱས་གོང་འཕེལ་དུ་སོང་། དགོན་པའི་ཕྱིའི་འཛུགས་བསྐྲུན་གྱི་བཀོད་པར་གཞིགས་ན། འདུ་ཁང་ཀ་བ་བཅུ་དྲུག་གི་རྒྱ་ཁྱོན་དང་། མགོན་ཁང་ཀ་བ་བདུན་ཅུ་དོན་བཞི་ཙམ། ལྷ་ཁང་དབུས་མའི་ནང་རྟེན་གཙོ་བོ་རྣམ་སྣང་ཞལ་ཤར་གཟིགས་སྐུ་ཚད་སྤྱི་ཁྲེ་ལྔ་ཙམ་ལ་སེང་ཁྲི་རྒྱབ་ཡོལ་ཁྲི་རྒྱབ་དྲུག་འགྱོགས། དེ་མིན་རིགས་ལྔ་སྐུ་བཞི་ལ་སྐུ་ཚད་སྤྱི་ཁྲེ་ཕྱེད་གསུམ་ཙམ། སྒོ་སྲུང་ཕྱག་རྡོར་རྟ་མགྲིན་གཉིས་ལའང་སྐུ་ཚད་གོང་མཚུངས། ལྷ་ཁང་དབུས་མའི་ལྡེབས་རིས་ལ་སྔོན་བྱོན་བླ་བརྒྱུད་འཁྲུངས་རབས་དང་། ཆོས་རྒྱལ་མེས་དབོན་རྣམས་གསུམ་སོགས་དང་། འདུ་ཁང་ནང་ཤར་ལི་ལས་གྲུབ་པའི་ཇོ་བོ་སྐུ་ཚད་སྤྱི་ཁྲེ་ཕྱེད་གཉིས་ཙམ་ལ་གསེར་ཟངས་ཀྱི་སྤྲོག་ཞུ་དང་། སྙན་རྒྱན། ཐུགས་རྒྱན་དང་ལྡན་པ་དེའི་གཡས་གཡོན་དུ་ཤར་ལི་ལས་གྲུབ་པའི་མཁན་ཆེན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། སྐ་བ་ཤཱཀྱ་དབང་ཕྱུག་གི་འདྲ་སྐུ་མི་ཚད་མ། རྭ་ལོའི་ཕྱག་བཟོའི་འཇིགས་བྱེད་ལྷ་བཅུ་གསུམ་འཇིམ་སྐུ་སྤྱི་ཁྲེ་གཉིས་ཙམ། གཞན་ཡང་ཇོ་བོ་དཔལ་ལྡན་ཨ་ཏི་ཤཱ་དང་། བདེ་མཆོག དུས་འཁོར། རྗེ་ཙོང་ཁ་པ་ཡབ་སྲས་གསུམ། རྭ་ལོ་ཙཱ་བ། གོང་ས་ལྔ་པ་ཆེན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མཁན་པོ་རྡོར་རིན་པོ། རྡོར་རྒྱལ་པོ། ཚ་བ་ནམ་མཁའ་ཤེས་རབ་བཅས་སོ་སོའི་འཇིམ་སྐུ་མི་ཚད་མ། དེ་བཞིན་འཇིམ་སྐུའི་གནས་བརྟན་བཅུ་དྲུག རྒྱ་དངུལ་ལས་གྲུབ་པའི་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་འདྲ་སྐུ་མི་ཚད་མ། གསེར་དངུལ་གྱིས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར། གསེར་ཡིག་གཡུ་ཁྲ་ཅན་གྱི་བརྒྱད་སྟོང་ཞེས་པ། གསེར་ཡིག་གི་སྟེང་དུ་རིན་པོ་ཆེ་སྣ་བརྒྱད་ཀྱི་ཁྲ་བཀོད། གླེགས་ཤིང་ཙན་དན་དཀར་པོ་ལས་གྲུབ་པ་ལྗིད་ཚད་སྤྱི་རྒྱ་བཞི་བཅུ་ཙམ་ཡོད་པ་ཞིག་དང་ཡང་རིན་ཆེན་སྣ་བརྒྱད་ཀྱིས་བྲིས་པའི་བརྒྱད་སྟོང་པ། འདུ་ཁང་གི་ལྡེབས་རིས་སུ་སངས་རྒྱས་སྟོང་སྐུ་དང་། སྒོ་མཆོར་འོག་རྒྱལ་ཆེན་རིགས་བཞི། སྟེང་ཁང་རབ་གསལ་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་གནང་བ་ཡིན་སྐད་ཀྱི་ཙན་དན་གྱི་ཐུགས་རྗེ་ཆེན་པོའི་སྐུ་ཚད་སྤྱི་ཁྲེ་གཅིག་ཙམ། གཞན་ཡང་ཛྷེེ་ཀྴིམ་དང་། ཤར་ལི་གསེར་ཟངས་སོགས་ལས་གྲུབ་པའི་སྐུ་ཆེ་ཆུང་སྣ་ཚོགས། རྣམ་སྲས་ཀྱི་སྐུ་དང་གཡང་སྒམ་ཆ་ཚང་། རྟེན་ཁང་ནང་གཡུ་སྒྲོན་མ་དང་། ཆོས་སྒྲོན་མ། རྣ་གཡོ་མ་བཅས་སྐུ་ཚད་སྤྱི་ཁྲེ་གསུམ་ཙམ་གྱི་གཙོ་འཁོར་གསུམ་དང་། མཁན་སློབ་ཆོས་གསུམ། མགོན་ཆོས་ལྷ་མོ། རྣམ་སྲས། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ་སོགས་འཇིམ་སྐུ་ཆེ་ཆུང་སྣ་ཚོགས། ལམ་རིམ་ཚོགས་ཞིང་དང་། གསང་བདེ་འཇིགས་གསུམ་གྱིི་དཀྱིལ་འཁོར། ཀུན་རིགས་ཐུགས་རྗེའི་དཀྱིལ་འཁོར་སོགས་ཞལ་ཐང་ཆེ་ཆུང་སྣ་ཚོགས། གཞན་ཡང་དུང་ཆེན་ཆ་ལྔ། རྒྱ་གླིང་བཞི། དངུལ་གྱི་དབུ་བུམ་ལས་བུམ། རྐང་གླིང་དངུལ་གྱི་རྒྱུན་བཀག་གསུམ་སོགས་གསེར་དངུལ་ལས་གྲུབ་པའི་ཆོས་བྱད་སྣ་ཚོགས། དགུ་གཏོར་སྐབས་མགོན་པོ་ལྷ་མོ། ཆོས་རྒྱལ། ཧ་ཤང་། ཐོད་གོག་ཀེང་རུས་སོགས་འཆམ་ཆས་ཆ་ཚང་གསུམ་ཙམ་ཡོད་པ་བཅས་རིག་དངོས་དེ་དག་སྤྱི་ལོ་1966བར་དགོན་འདིར་ཚང་མའི་མཐོང་ཆོས་སུ་བཞུགས་ཡོད་པ་མ་ཟད་སྐབས་དེའི་དགེ་འདུན་ཡང་ཞལ་གྲངས་ལྔ་བཅུ་སྐོར་དགོན་ནང་བཞུགས་སོ། །
  སྤྱི་ལོ་1966རིག་གནས་གསར་བརྗེའི་དུས་ཟིང་ནང་དགོན་འདི་ཡང་བོད་ལྗོངས་སྤྱི་མཚུངས་བཞིན་ཕྱི་ནང་ཐམས་ཅད་རྩ་གཏོར་དུ་སོང་། སྤྱི་ལོ་1984ལོར་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་རེ་བ་ལྟར། རྫོང་སྲིད་གཞུང་ནང་ཉམས་གསོ་བྱེད་ཆོག་པའི་ཆོག་མཆན་དང་འགྲོ་གྲོན་མི་ཉུང་བ་གནང་། དེའི་སྟེང་དད་ལྡན་སེར་སྐྱ་མང་ཚོགས་ནང་ཕུལ་བའི་ཞལ་འདེབས་བཅས་པས་ད་ལྟ་ལྷ་ཁང་དབུས་མ་གསར་རྒྱག་བྱས་ཡོད་པ་དང་ཁྱོན་ཀ་བ་བརྒྱ་ལྷག་ཙམ་ཡོད་པ་རེད། དད་ལྡན་མང་ཚོགས་ཀྱིས་དགོན་པའི་རྟེན་རྙིང་ཉར་ཚགས་བྱས་ཏེ་ཚུར་ཕུལ་བའི་གྲས་སུ། རིན་ཆེན་སྣ་བརྒྱད་ཀྱིས་བྲིས་པའི་བརྒྱད་སྟོང་པ་དང་། ནམ་མཁའི་སྙིང་པོའི་ཐུགས་དམ་གྱི་རྟེན་ལི་སྨི་སུམ་ཅུ་ཙམ། རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་འདྲ་སྐུ་ཁྲུ་གང་གི་མཐོ་ཚད། རྒྱལ་མཆོག་བདུན་པའི་བཅའ་ཡིག རང་སྐྱོང་ལྗོངས་ཆོས་དོན་ཅུས་ནས་གནང་བའི་སྔར་དགོན་པ་དེ་རང་གི་རྟེན་རྙིང་ཤར་ལི་ལས་གྲུབ་པའི་ཇོ་བོ་སྐུ་ཚད་སྤྱི་ཁྲེ་ཕྱེད་གཉིས་ཙམ་དེ་དང་དེ་མིན་སྐུ་ཆེ་ཆུང་གྲངས་ཞེ་གཉིས། བཀའ་གདམས་མཆོད་རྟེན་ལྔ་བཅས་སྣང་། དགོན་པ་རང་ནས་གསར་བཞེངས་ཞུས་པ། ཐུགས་རྗེ་ཆེན་པོ། གནང་ཆུང་རྡོ་རྗེ་གྲགས་ལྡན། བརྟན་མ་གཙོ་འཁོར་གསུམ། སྒོ་མཆོར་འོག་རྒྱལ་ཆེན་རིགས་བཞིའི་ལྡེབས་རིས་གསར་བཞེངས། གསུང་རྟེན་དུ་བཀའ་འགྱུར་དང་འབུམ་རྒྱས་འབྲིང་བསྡུས་གསུམ་གསར་དུ་བླངས། ད་ཡོད་དགེ་འདུན་ཞལ་གྲངས་ཉེར་ལྔ་ཙམ་གྱིས་ཆོས་བརྗོད་འདོན་བྱ་བློ་འཛིན་སོགས་ཀྱི་བསླབ་པའི་སློབ་གཉེར་དང་། གཞི་གསུམ་ཉམས་ལེན། སྨན་བླ་ཆོས་བརྗོད། གནས་བརྟན་ཕྱག་མཆོད། སྒྲོལ་མའི་མཎྜལ་བཞི་པའི་ཆོ་ག འཇིགས་བྱེད་བདག་འཇུག སྲུང་སྤྱིའི་བསྐང་གསོ། དེ་བཞིན་གཞུང་ཆེན་མོར་ཐོས་བསམ་མཛད་མཁན་ཡང་ཡོད་པ་ལགས་སོ། །
    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1