ལི་ཁེ་ཆང་གིས་སྐབས་ཉི་ཤུ་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཉིང་རྡུལ་ནུས་པའི་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-07


    སྤྱི་ཟླ་4པའི་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིན་ནས་ཚོགས་འགོ་ཚུགས་པའི་སྐབས་ཉི་ཤུ་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཉིང་རྡུལ་ནུས་པའི་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། 
    ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། ཉིང་རྡུལ་ཚན་རིག་ནི་མིའི་རིགས་ཀྱི་དུས་རབས་ཉི་ཤུ་པའི་ཆེས་རླབས་ཆེན་གྱི་ཚན་རྩལ་གྲུབ་འབྲས་ཤིག་རེད། ཉིང་རྡུལ་གློག་འདོན་གྱིས་མཚོན་པའི་ཞི་བའི་སྒོ་ཉིང་རྡུལ་ནུས་པ་བཀོལ་སྤྱོད་བྱེད་པར་ནུས་ཁུངས་མཁོ་འདོན་ལ་འགན་སྲུང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། གནམ་གཤིས་འགྱུར་ལྡོག་ལ་ག་གཏད། རྒྱལ་ཇུས་དམངས་འཚོ་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ངེས་ཞེས་བསྟན། 
    ལི་ཁེ་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་ཉིང་ནུས་འཕེལ་རྒྱས་སུ་གཏང་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། བདེ་འཇགས་ཕན་ཕྱོད་མཐོ་བའི་ཉིང་རྡུལ་གློག་འདོན་འཕེལ་རྒྱས་སུ་གཏང་བར་རྒྱུན་འཁྱོངས་བྱ་ངེས། ཉེ་བའི་ལོ་འགར་ཧྭ་ལོན་ཨང་དང་པོ་སོགས་རབས་གསུམ་པའི་ཉིང་རྡུལ་གློག་འདོན་ལག་རྩལ་ཇུས་འགོད་འདོན་སྤེལ་བྱས་ཏེ་ཉིང་རྡུལ་གློག་འདོན་ས་ཚིགས་འཛུགས་བསྐྲུན་བྱས་པས་ཅུང་འཐུས་ཚང་ཡིན་པའི་ཉིང་རྡུལ་ལག་རྩལ་བཟོ་ལས་ཀྱི་མ་ལག་འཛུགས་གཉེར་བྱས་པ་རེད།  ཀྲུང་གོས་འདྲ་མཉམ་གཉིས་ཕན་དང་མཉམ་ལས་གཉིས་རྒྱལ་གྱི་རྨང་གཞིའི་སྟེང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ལྷན་དུ་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བཀོལ་སྤྱོད་བྱེད་པའི་མཉམ་ལས་སྤེལ་འདོད་ཅེས་བསྟན། 
    ལི་ཁེ་ཆང་གིས་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་རྣམས་ཀྱིས་ཉིང་རྡུལ་ནུས་པར་བརྟེན་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་འཕེལ་རྒྱས་སུ་གཏང་དགོས་ཞེས་པའི་གྲོས་ཚོགས་ཀྱི་བརྗོད་བྱར་དམིགས་ནས། གཏིང་ཟབ་པའི་སྒོ་ནས་བགྲོ་གླེང་དང་ཕན་ཚུན་ལ་དཔེ་ལྟ་བྱས་ནས་གོམ་གང་མདུན་སྤོས་སྒོས་ཉིང་རྡུལ་ནུས་པའི་བདེ་འཇགས་འཕེལ་རྒྱས་དང་ཐོན་ལས་མཉམ་ལས། ཚན་རྩལ་བགྲོ་གླེང་། འཇོན་མི་གསོ་སྐྱོང་བཅས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་མིའི་རིགས་ཀྱིས་ཞི་བའི་སྒོ་ནས་ཉིང་རྡུལ་བཀོལ་སྤྱོད་བྱེད་པའི་ལས་དོན་ཐད་ལ་མཛད་རྗེས་གསར་པ་འཇོག་དགོས་ཞེས་བསྟན། 
    ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོ་ཉིང་རྡུལ་སློབ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཉིང་རྡུལ་ལས་འཛིན་ལྷན་ཚོགས་སོགས་སྡེ་ཁག་གིས་མཉམ་སདུ་གཉེར་ཞིང་། རྒྱལ་ཁབ་དང་ས་ཁུལ་40ལྷག་ནས་ཡོང་བའི་འཐུས་མི་800ལྷག་གྲོས་ཚོགས་སུ་ཞུགས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1