༄༅།། མཚོ་སྔོན་པོའི་གནའ་བོའི་ལོ་རྒྱུས།

ཨ་སྐྱབས་དར་རྒྱས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 05-06


  དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ས་རྒྱུས་ལས། ཆེས་སྔ་བའི་དུས་ཏེ་ད་ནས་ཡར་བརྩིས་ན་ཧ་ལམ་བགྲང་བྱ་དུང་ཕྱུར་8ཀྱི་གོང་གི་བསྐལ་བ་དང་པོའི་དུས་མཇུག་གི་གནའ་རབས་ཀྱི་དུས་སྐབས་སུ། མདོ་དབུས་ས་ཁུལ་ནི་རྦ་རླབས་ལང་ལོང་འཕྱུར་བའི་མཐའ་བྲལ་རྒྱ་མཚོ་ཆེན་པོ་ཞིག་ཡིན། ཕལ་ཆེར་ད་ནས་ཡར་བརྩིས་ན་བགྲང་བྱ་དུང་ཕྱུ་8ཀྱི་དུས་སུ་སའི་གོ་ལའི་སྟེང་དུ་ས་ཤུན་གྱི་འགུལ་སྐྱོད་དྲག་པོ་བྱེད་པ་ཞིག་བྱུང་ཞིང་། ཐེངས་དེའི་ས་ཤུན་འགུལ་སྐྱོད་ལ་བརྟེན་ནས་མཐའ་རྒྱུད་ཀྱི་མཚོ་འོག་གཤོང་ས་རྣམས་ཡར་འཕགས་ཏེ་སྐམ་སར་གྱུར་པ་དང་ཆབས་ཅིག་ཏུ་མཚོ་གཏིང་གི་བྲག་གི་ཆགས་རིམ་གྱི་སུལ་མའི་ངོ་བོར་འགྱུར་བ་བྱུང་བ་རེད། གངས་རི་ཧི་མ་ལ་ཡའི་ལྟེ་བ་དང་ཁུ་ནུ་རི་བོ་སོགས་ཀྱི་གནས་ནས་བགྲང་བྱ་དུང་ཕྱུར་8-9བར་གྱི་ངོ་བོ་འགྱུར་བ་བྱུང་བའི་བྲག་རྡོ་ཁག་ཅིག་ཕྱིར་མངོན་པ་དེ་ནི་ཐེངས་དེའི་ས་ཤུན་འགུལ་སྐྱོད་བྱེད་པ་ལས་བྱུང་བའི་རྗེས་ཤུལ་ཞིག་ཡིན། ད་ནས་ཡར་བརྩིས་ན་བགྲང་བྱ་དུང་ཕྱུར་6-2གྱི་གོང་གི་གནའ་རབས་ཀྱི་འབྱུང་བསྐལ་དུས་རབས古生代时期སུ་སླེབས་པ་ན། མདོ་དབུས་ས་ཁུལ་སླར་ཡང་རླབས་ཕྲེང་མཁའ་ལ་འཕྱུར་བའི་རྒྱ་མཚོ་རུ་ནུབ་ཅིང་། དེ་ནི་ས་གཤིས་མཁས་པ་རྣམས་ཀྱིས་བཤད་པའི་ས་དཀྱིལ་རྒྱ་མཚོ་ཞེས་པའམ་ཡང་ན་ཁྲི་ཐེ་སི་རྒྱ་མཚོ་ཞེས་པ་དེ་ཡིན་པ་དང་། ཁ་ཅིག་གིས་དེ་ལ་མདོ་དབུས་རྒྱ་མཚོ་ཞེས་ཀྱང་ཟེར་བ་ཡིན། གནའ་རབས་ཀྱི་སྐྱེས་བསྐལ་དུས་རབས་ཧྲིལ་བོར། གནས་དེར་རྒྱ་མཚོས་ཐེངས་མང་པོ་ཞིག་ལ་བསྣུབས་ཤིང་། རྒྱ་མཚོས་བསྣུབས་པའི་རྒྱ་ཁྱོན་ཡང་སྐབས་རེར་ཆེ་ལ་སྐབས་རེར་ཆུང་བ་སྟེ་ཆེ་བའི་དུས་སུ་ཕལ་ཆེར་མདོ་དབུས་ས་ཁུལ་ཡོངས་རྫོགས་ཆུས་གང་བ་རེད། འབྱུང་བསྐལ་བར་མའི་དུས་རབས中生代ཏེ་ད་ནས་ཡར་བརྩིས་ན་བགྲང་བྱ་དུང་ཕྱུར་གཉིས་ཀྱི་སྔོན་ནི་མདོ་དབུས་ས་ཁུལ་གྱི་ས་ཤུན་འགུལ་སྐྱོད་བྱེད་པ་ཇེ་མང་དུ་འགྲོ་བ་དང་ཤུགས་དྲག་པའི་དུས་རབས་ཤིག་དང་། རྒྱ་མཚོའི་རྒྱ་ཁྱོན་ནམ་ཁེབས་རྒྱ་ཇེ་ཆུང་དུ་འགྱུར་བ་དང་སྐམ་སའི་རྒྱ་ཁྱོན་ཉིན་རེ་བཞིན་ཇེ་ཆེ་འགྲོ་བའི་དུས་རབས་ཤིག་ཀྱང་ཡིན། ད་ནས་ཡར་བརྩིས་ན་བགྲང་བྱ་དུང་ཕྱུར་གཉིས་ཀྱི་དུས་སུ་ཁུ་ནུ་རི་བོའི་བྱང་རྒྱུད་ཐམས་ཅད་ཕལ་ཆེར་སྐམ་སར་གྱུར་ཅིང་། ཁུ་ནུ་རི་བོའི་ལྷོ་རྒྱུད་སྔར་བཞིན་རྒྱ་མཚོས་བཟུང་ཡོད། ས་ཤུན་འགུལ་སྐྱོད་བྱེད་པ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མཚོ་ཆུ་རྣམས་དལ་བ་དལ་བུས་ནུབ་ལྷོའི་ཕྱོགས་སུ་གཞོལ་བ་དང་། སྐམ་ས་ཡང་ལེབ་མོ་ལེབ་མོ་བྱས་ཏེ་རྒྱུན་ཆད་མེད་པར་བྱུང་བས། སྐྱེས་བསྐལ་བར་མའི་དུས་རབས་ཀྱི་དུས་མཇུག་ཏུ་སླེབས་ཚེ། ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ས་ཁུལ་ཡོངས་རྫོགས་ཡར་འཕགས་ཏེ་སྐམ་སར་གྱུར་ན་ཡང་། དེའི་ལྷོ་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་རྣམས་སྔར་བཞིན་རྒྱ་མཚོ་ཡིན། ད་ནས་ཡར་བརྩིས་ན་བགྲང་བྱ་དུང་ཕྱུར་གཅིག་དང་བྱེ་བ་བཞིའི་ཚུན་གྱི་འབྱུང་བསྐལ་གསར་པའི་དུས་རབས་ནི། དབུས་གཙང་ས་ཁུལ་གྱི་མཚོ་ཐམས་ཅད་བྲི་ནས་ཡུལ་རྣམས་རྒྱ་མཚོར་ནུབ་པའི་ལོ་རྒྱུས་ཀྱི་མཇུག་རྫོགས་པ་དང་མཉམ་དུ་སྐམ་ས་རྣམས་ས་མཐོར་གྱུར་པའི་དུས་རབས་ཤིག་ཡིན། ཞེས་བཤད་པ་དེས་ད་ནས་ཡར་བརྩིས་ན་བགྲང་བྱ་དུང་ཕྱུར་གཉིས་ཀྱི་གོང་རོལ་དུ་མདོ་དབུས་ས་མཐོ་འདི་སྐམ་གྱུར་པ་གསལ་པོར་མཚོན་ཡོད་ཅིང་། དེ་ནི་གནའ་རབས་ཀྱི་མིའི་འགྲོ་བ་འབྱུང་བའི་ཆ་རྐྱེན་བླ་ན་མེད་པ་ཞིག་ཡིན་ན་ཡང་། ད་ལྟའི་རྒྱ་རིགས་ཀྱི་མཁས་པ་འགའ་ཞིག་གིས་རྒྱ་ནག་གི་ཡུལ་འདི་སྐམ་སར་གྱུར་པ་ནི་བོད་ལས་སྔ་བར་བཤད་པ་ནི་དོན་ལ་གནས་པ་ཞིག་མིན་ཏེ། འཛམ་གླིང་གི་གཟུ་བོར་གནས་པའི་ས་གཤིས་མཁས་པ་རྣམས་ཀྱིས་མདོ་དབུས་ས་མཐོ་ནི་ཀྲུང་གོའི་རྒྱ་ནག་སོགས་མི་རིགས་གཞན་པའི་ཡུལ་རྣམས་ལས་སྐམ་སར་གྱུར་པ་ཆེས་སྔ་བ་ཞིག་ཡིན་པ་དང་། མདོ་དབུས་ས་མཐོ་སྐམ་སར་གྱུར་རྗེས་རིམ་བཞིན་ཡུན་ནན་ས་མཐོ་དང་སི་ཁྲོན་ས་མཐོ་སོགས་སྐམ་སར་གྱུར་པ་ཡིན་ལ། པེ་ཅིན་སོགས་ཡུལ་ཕལ་མོ་ཆེ་ཞིག་དུས་ཕྱི་མ་ཕྱི་མ་ཞིག་ལ་གཞི་ནས་སྐམ་ས་གྱུར་པ་ཞིག་ཡིན་ཞེས་གསུངས་ཡོད།།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1