བོད་ཀྱི་གསོ་རིག་ལས་བྱང་ཟུར་གཉིས་ཀྱི་བྱུང་བ་རགས་ཙམ་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


ལུགས་དང་པོ་བྱང་ལུགས་སམ་ཀོང་ལུགས་ནི།
རབ་བྱུང་བདུན་པའི་ཤིང་ཕག་ལོ་སྟེ་སྤྱི་ལོ1395ལོར་སྟོད་ངམ་རིང་དུ་འཁྲུངས་པའི་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་ཞེས་པ་དེས།བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དང་།པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་ལ་བསྟེན་ནས་མདོ་སྔགས་ཤེས་བྱའི་གནས་སྤྱི་དང་།ཁྱད་པར་གསོ་བ་རིག་པའི་གཞུང་ལ་སྦྱང་པ་དཔྱིས་ཕྱིན་པར་མཛད་པ་མ་ཟད།ཡན་ལག་བརྒྱད་པའི་སྙིང་བསྡུས་ཡིད་བཞིན་ནོར་བུ་སོགས་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསོ་རིག་གཞུང་ལུགས་ཀྱི་སྒོ་འཕར་ཡངས་པོར་བྱེ་བ་ནས་བཟུང་བྱང་ལུགས་ཞེས་པའི་སྲོལ་ཆེན་པོ་དེ་བྱུང་།དེ་ཉིད་ལ་བུ་སློབ་མང་དུ་བྱུང་བ་དང་ཁྱད་པར་གསོ་དཔྱད་སློབ་མཆོག་གྱུར་དང་བླ་སྨན་གཉིས་ཀར་གྲགས་པ་མི་ཡི་ཉི་མ་མཐོང་བ་དོན་ལྡན་བྱ་བ་རབ་བྱུང་བདུན་པར་བྱུང་བ་དང་།དུས་རབས་བཅོ་ལྔ་པར་བྱུང་བ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་།སྤྱི་ལོ1453ལོར་འཁྲུངས་པ་ལྷུན་སྡིངས་ལེགས་གྲུབ་དཔལ་བ།དེའི་སྲས་ཤེས་རབ་དཔལ་ལྡན།དེའི་སྲས་ལྷུན་སྡིངས་དགེ་མ།དེའི་སྲས་བསྟན་པ་དར་རྒྱས།དེའི་སྲས་བསོད་ནམས་ཆོས་འཕེལ།དེའི་སྲས་ལྷུན་སྡིངས་བདུད་རྩི་འགྱུར་མེད།དེའི་སྲས་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ནས་གོང་ས་ལྔ་པ་ཆེན་པོའི་བར་དུ་བརྒྱུད་པ་དང་།དེ་ནས་རིམ་བཞིན་དེང་གི་བར་དུ་བཀའ་གཏེར་གཉིས་ཀའི་བརྒྱུད་པ་ཟམ་མ་ཆད་པར་བྱོན་ནས་གོས་རིག་སྤྱི་དང་ཁྱད་པར་བྱང་པའི་རིང་ལུགས་དར་ཞིང་རྒྱས་པར་མཛད་དོ།།
 ལུགས་གཉིས་པ་ཟུར་ལུགས་སམ་སྨད་ལུགས་བྱུང་ཚུལ་ནི།
བོད་རབ་བྱུང་བདུན་པའི་ས་ལུགས་ཏེ་སྤྱི་ལོ1439ལོར་འཁྲུངས་པའི་རྗེ་མཉམ་ཉིད་རྡོ་རྗེ་ཞུ་བ་དེར་གཡུ་ཐོག་ཡོན་ཏན་མགོན་པོས་ལུང་བསྟན་པ་ལྟར།ཡབ་ཕུན་ཚོགས་བཟང་པོ་དང་།ཁྲུས་ཁང་ལོ་ཙྰ་བ་ཤ་ར་རབ་འབྱམས་པ།སྨན་སྟོན་དབང་ཕྱུག་བཟང་པོ་སོགས་ལས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སྤྱི་དང་།ཁྱད་པར་བོད་ལུགས་གསོ་རིག་ལ་སྦྱང་པ་མཐར་ཕྱིན་པ་མཛད་ནས་མཁྱེན་དཔྱོད་ཀྱི་རྩལ་རྫོགས་ནས་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་ཅི་བཞིན་པ་བསྲེག་བཅད་བརྡར་བའི་གསེར་བཞིན་ཚིག་དོན་གྱི་ཆ་ལ་དག་བཅོས་མཛད་པ་དང་།མན་ངག་བྱེ་བ་རིང་བསྲེལ།འགྲེལ་ཆེན་པོད་ཤེལ་ཕྲ་མོ།དྲི་ཚིག་དངུལ་དཀར་མེ་ལོང་།ལེགས་བཤད་ཉི་མའི་འོད་ཟེར།ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིངས་ཡིག རང་གཞན་ལ་ཕན་པའི་བསླབ་བྱ་སོགས་བསྟན་བཅོས་ལྔ་བརྒྱ་ལྷག་ལྗགས་རྩོམ་མཛད་ཅིང་།ཤར་ཕྱོགས་མངོན་དགའ་ཞེས་བྱ་བར་གཉལ་ལོར་བྱར་གསུམ་ཨེ་ཉང་ཀོང་དང་བཅས་པའི་སྨན་པ་ཀུན་བསྡུས་ནས།སྨན་ངོ་གསལ་བྱེད།བདུད་རྩིའི་རྫིང་བུ།བདུད་རྩིའི་གཏེར།སྨན་གྱི་བྱིངས་ལ་སོགས་པ་རོ་ནུས་ཞུ་རྗེས་ངོ་བོ་ངེས་ཚིག་བྱེད་ལས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་འཆད་ཅིང་ངོ་སྤྲོད་བྱས་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསོ་རིག་གི་བསྟན་པ་རྒྱ་ཆེར་སྤེལ་ནས་བཟུང་ཟུར་ལུགས་ཞེས་ཡོངས་སུ་གྲགས་པའི་སྲོལ་ཆེན་པོ་དེ་བྱུང་བ་ཡིན་ནོ།།དེ་ལ་སློབ་མའི་གཙོ་བོ་ཕྱོགས་ཀྱི་སློབ་མ་བཞི་ཞེས་པ་སྟེ།མན་ངག་མཐར་ཕྱིན་མི་འགྱུར་ཚེ་བརྟན།ཕྲིན་ལས་མཐར་ཕྱིན་ཕྲག་དཔོན་བསོད་ནམས་བཀྲ་ཤིས།ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེ།བཤད་པ་མཐར་ཕྱིན་ལི་ཆུང་པདྨ་སྐྱབས་བཅས་དང་།གཞན་ཡང་།བྱིན་རླབས་ཞུགས་པའི་སློབ་མ་བརྒྱད།ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུག གྲགས་པ་ཐོབ་པའི་སློབ་མ་ཉི་ཤུ།བླ་དྭགས་ཅན་གྱི་སློབ་མ་བཅུ་དྲུག་སོགས་བྱུང་ནས་གསོ་རིག་གི་བསྟན་པ་གསལ་བར་མཛད་པ་དང་།ཟུར་ལུགས་ཀྱི་བརྒྱུད་འཛིན་གཙོ་བོ་རབ་བྱུང་བདུན་པའི་ས་སྦྲུལ1429ལོར་འཁྲུངས་པའི་སྐྱེམ་པ་ཚེ་དབང་དང་།རབ་བྱུང་བདུན་པའི་ནང་དུ་བྱོན་པའི་བྱར་པོ་པཎ་ཆེན།རབ་བྱུང་དགུ་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ1409ལོར་འཁྲུངས་པའི་ཟུར་མཁར་བློ་གྲོས་རྒྱལ་པོ་སོགས་བརྒྱུད་འཛིན་རྒྱུ་སྐར་གྱི་གྲངས་བཞིན་བྱོན་ནས་གསོ་རིག་གི་བསྟན་པ་སྤྱི་དང་ཁྱད་པར་མཉམ་མེད་ཟུར་མཁར་བ་ཆེན་པོའི་རིང་ལུགས་རྒྱ་ཆེར་གསལ་བར་མཛད་དོ།།
 དེ་ལྟར་ལུགས་བཟང་དེ་གཉིས་ལས་ཕྱི་མས་སྔ་མ་སུན་འབྱིན་པའི་ཚུལ་མཛད་པ་ནི་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་གྱུར་པའི་དཔལ་ལྡན་གསོ་བ་རིག་པའི་བསྟན་པ་རྒྱ་ཆེར་དར་བའི་ཐབས་འབའ་ཞིག་ལ་དགོངས་ནས་ཐབས་ལ་མཁས་པའི་མཛད་པ་བསྟན་པ་ཡིན་པས་དགོངས་གཞི།དགོས་པ།དངོས་ལ་གནོད་བྱེད་བཅས་ཡོད་ལ།མཁས་པ་དེ་དག་གི་གནས་སྐབས་རྩལ་འདོན་མཛད་ཚུལ་ཅུང་ཟད་མི་འདྲ་བ་ཙམ་ལས་མཐར་ཐུག་གི་དགོངས་པའི་འབ་སོ་གཅིག་ཏུ་གནས་པ་ཤེས་དགོས་པ་དང་།ཕྱོགས་ཞེན་དང་ཆགས་སྡང་གི་མཐའ་རུ་མི་ལྷུང་བར་ལུགས་གཉིས་ཀྱི་བཞེད་ཚུལ་མཐའ་དག་མ་འདྲེས་པར་ཤེས་པར་བྱེད་རྒྱུར་གལ་ཆེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1