༄༅།། གཙང་ཁུལ་གྱི་གཉེན་སྒྲིག་བྱེད་སྲོལ་སྐོར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།བོད་ཀྱི་སློབ་འབྲིང་། སྤེལ་དུས། 05-30



  ཕ་མ་སོ་སོས་རང་དང་ཤ་རུས་མཉམ་པའི་བུའམ་བུ་མོ་འཚོལ་འདེམས་ཐོག་ལོ་ཁམས་མཐུན་མིན་རྩིས་འབྲས་ལ་གཞིགས་ཏེ་མཐུན་ན་འཕྲོད་ལམ་ཡོད་མེད་ལྷ་དང་། བླ་མ་ལ་མོ་བརྟག་ཞུས་ཏེ་བཟང་བར་ཕེབས་ཚེ་ཕ་མ་ཕན་ཚུན་གྲོས་མཐུན་གཉིས་མོས་བྱུང་བསྟུན་བསུ་མིའི་ཁྱིམ་གྱིས་རང་རང་འབྱོར་པར་གཞིགས་པའི་སློང་ཆང་འདེགས་འབུལ་ཞུས་ཏེ།དེ་ཉིད་མཐའ་མཇུག་གི་གྲོས་ཐག་གཙང་མར་གཅོད་པ་ཡིན།    སློང་ཆང་འབུལ་སྐབས་སྤྱིར་བཏང་བུ་མོའི་ཁྱིམ་དུ་གྲོ་སོ་ཕྱེ་མར་དང་།   འཛུགས་ཞེས་ཤ་ཁོག་མགོ་སྦྱར་ཇ་ཆང་བཅས་སྒྲིག་གཤོམ་ཐོག་ནང་མི་ཚང་མར་བཀོར་དངུལ་དང་དངོས་པོ་གཞན་ཞིག་འབྱོར་པར་གཞིགས་པ་སྤྲོད་པ་དང་།   དར་དཀར་གྱིས་མགུལ་ལ་རྒྱན་པར་བྱེད་པ། ཆབས་ཅིག་གཉེན་སྒྲིག་གི་དུས་ཚོད་རྩིས་འབྲས་གཞིར་བཟུང་གཟའ་སྐར་དགེ་་འཛོམས་ཉིན་བསུ་ལེན་བྱེད་རྒྱུ་གཏན་ལ་འབེབས་སོ།
  བསུ་ལེན་སྐབས་གསང་ཐབས་(གཡོག་བསུ)དང་མངོན་གསལ་(བག་ཆེན)གྱི་བྱེད་ཕྱོགས་གཉིས་འཛིན་སྲོལ་ཡོད།གསང་བའི་ཐབས་དེ་བུ་མོ་ཁོ་ནར་བྱེད་པ་ལས་བུ་ལ་བྱེད་སྲོལ་མེད།   གསང་ཐབས་ཀྱི་བྱེད་སྟངས་ནི་མནའ་མར་སྤུན་མཆེད་ཐུགས་འཕྲད་དམ་ཡང་ན་ལུང་པ་ག་གེ་མོར་ཆུ་ཚན་རྒྱག་པར་འགྲོ་དགོས་པའི་སྐོར་སོགས་དོན་དངོས་བཀབ་ནས་བུ་མོ་ཁྱིམ་ནས་བཏང་སྟེ་བསུ་མི་སར་འབྱོར་མཚམས་གནས་དེར་འཁོད་པ་བྱས་ནས་ཇ་ཆང་དང་རྟེན་འབྲེལ་གྱི་གྲོ་སོ་ཕྱེ་མར་སོགས་བསྒྲིགས་པའི་ཐོག་བག་མར་སློང་བ་གསལ་བཤད་དང་འབྲེལ་གོས་བསུ་གཡོག་ནས་བག་མའི་མགོ་བོར་གཡུ་འདོགས་པའི་ཐོག་མདའ་དར་འཛུགས་པ་དང་།   ཡང་ཁག་གཅིག་བསུ་མའི་ཁྱིམ་དུ་འབྱོར་རྗེས་བག་མར་སློང་བའི་གསལ་བཤད་བྱེད་མཁན་ཡང་ཡོད། མངོན་གསལ་གྱི་བྱེད་སྟངས་ནི་བུ་མོ་ཁྱིམ་ནས་མ་ཐོན་གོང་ཉིན་གཅིག་གི་སྔོན་དུ་བསུ་མི་རྟ་པ་འགའ་ཤས་སྤྱི་གཡུ་དང་གོས་བསུ་ཁྱེར་ཏེ་ཡོང་ནས་དེའི་ནུབ་མོ་བུ་མོའི་ཁྱིམ་གྱིས་རྟེན་འབྲེལ་གསོལ་ཚིགས་རྒྱས་པར་གཤོམ་པ་དང་། ཞོགས་ཐོན་རྒྱུའི་བྱ་སྐད་དུས་མཚམས་གཏན་འབེབས་བྱེད།     དེའི་སང་ཉིན་ཐོན་ཁར་གོས་བསུ་རྣམས་བུ་མོར་གཡོག་སྟེ་སྤྱི་གཡུ་བཏགས་ཟིན་རྗེས་མདའ་དར་བཙུགས་ཏེ་ཁྱིམ་ནས་ཐོན་འགྲོ་བ་མ་ཟད། བསུ་མིའི་ཐབ་བསུ་དང་འབྲེལ་དུས་ཚོད་གཏན་འཁེལ་ལྟར་ཁྱིམ་ནང་འཇུག་གི་ཡོད། གོང་གསལ་མདའ་དར་འཛུགས་པའི་སྐབས་བུ་མོར་གོས་ཀྱི་རྒྱབ་ངོས་གོང་པའི་ནང་དུ་གཟེར་བ་དང་མག་པ་ཡིན་ན་སླེ་རག་གི་ནང་དུ་གཟེར་བ་ཡིན། མདའ་དར་འཛུགས་པ་དང་ཆབས་ཅིག་བཤད་པ་འདི་ལྟར་གཏོང་བ་གཤམ་གསལ།       ཚངས་པའི་ཡིད་མཚོར་འཁྲུངས་པའི་རབ་དཀར་སྐུ། བསིལ་བསིལ་མཛེས་པ་གཅིག་ཏུ་འདུས་པ་བཞིན།   སྒྲ་དབྱངས་བརྗོད་པ་རྒྱ་མཚོའི་དབང་ཕྱུག་མ། ཚེ་རབ་མི་བྲལ་བློ་གྲོས་སྤོབས་པར་མཛོད། ཅེས་བརྗོད་སྐབས་དོན་བཤད་པ་གཏོང་མཁན་གྱི་ལག་ཏུ་ཐོགས་པའི་མདའ་དར་ཡེ་ཤེས་ལྔ་ལྡན་དར་གྱི་འཚོལ་བུ་ཅི་འཆང་འདི་ཉིད་བྱུང་ཚུལ་རགས་བསྡུས་སུ་བཤད་པ་ལ།   སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ལྷ་གཅིག་ཁབ་ཏུ་བཞེས་པའི་དུས་བོད་བློན་འགྲན་མེད་མགར་བ་སྟོང་བཙན་གྱིས་བསུ་བ་མདའ་མོས་བྱེད་པའི་ལམ་འདི་བྱངས། རྩ་བ་མདའ་མོའི་སྟོང་ཁ་འཛུམ་པ་འདི། འདོད་པ་ལོངས་སྤྱོད་དཔལ་འདུ་འཁྱིལ་བའི་རྟགས། རྩེ་མོ་རྟོལ་ལྕགས་རྣོ་ངར་འཛོམས་པ་འདི། ཚུར་ལ་རྒོལ་བའི་དགྲ་བོ་འཇོམས་པའི་རྟགས། སྐེད་པ་ཁྱུང་ཆེན་སྒྲོ་བཞིན་རྒྱན་པ་འདི། སྐུ་གསུམ་ཐུགས་གསུམ་ལྷུན་གྱིས་གྲུབ་པའི་རྟགས། ལྷུ་དར་ཚོན་སྣ་ལྔ་དར་གྱི་མགུལ་དཀྲིས་ཅན།     རྒྱལ་བ་རིག་ལྔ་སྤྱན་སྔར་བྱོན་པའི་རྟགས། དངུལ་དཀར་མེ་ལོང་དྭངས་བཟང་བཞིན་རས་འདི། སྣ་སྲིད་འཁོར་བཅས་མ་ལུས་ཐུགས་སྐར་གསལ། གཡུ་དང་བྱུ་རུ་པུད་ཤེལ་བཏགས་པ་འདི།རིན་ཆེན་གསེར་གཡུ་མུ་ཏིག་འཛོམས་པའི་རྟགས། དགོས་འདོད་ཀུན་འབྱུང་འཛོམ་པའི་ལྷ་མདའ་འདི། རིག་བཟང་ཡིད་འོངས་ཁྱེད་ཀྱི་བཟུང་བར་བྱ། མདའ་དར་བུ་མོའི་གཡས་སུ་འཛུགས། གཡས་སུ་རྒྱུད་འཛིན་པའི་རྟེན་འབྲེལ་ཡིན། མདའ་དར་བུ་མོའི་པང་དུ་འཛུགས། པང་དུ་རྒྱུད་འཛིན་པའི་རྟེན་འབྲེལ་ཡིན། མདའ་དར་བུ་མོའི་གཙུག་ཏུ་འཛུགས། གཙུག་གསེར་གཡུ་མུ་ཏིག་གིས་རྒྱན་པའི་རྟེན་འབྲེལ་ཡིན། ན་མོ་ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ་ཞེས་བརྗོད་པ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1