༄༅།། ཨ་སྔགས་ཚེ་རིང་བཀྲ་ཤིས།

ཨོ་རྒྱན་དོན་གྲུབ། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། ཧི་མ་ལ་ཡའི་བོན། སྤེལ་དུས། 06-01


ཤར་དུང་རིའི་གངས་འདབས་ནས་ཆས་པའི་རིག་པའི་རྒྱལ་སྲས།

   

ཤར་དུང་རིའི་གངས་འདབས་ནས་ཆས་པའི་རིག་པའི་རྒྱལ་སྲས།


བོད་ཀྱི་དཔེ་སྐྲུན་ལས་རིགས་སྐོར་གྱི་ཆེད་མཁས་ཨ་སྔགས་ཚེ་རིང་བཀྲ་ཤིས་མཆོག་གི་གནས་ཚུལ་ཆེད་བཀོད།


   དུས་རབས་གསར་པར་བོད་ཀྱི་དཔེ་སྐྲུན་ལས་རིགས་དེ་དབྱར་གྱི་ཤྭ་འོད་བརྡོལ་བ་བཞིན་དུ་འཕེལ་རྒྱས་ཀྱི་རླབས་རྒྱུན་དགུང་དུ་འཕྱོ་དོན་ནི་བོད་ཀྱི་ཤེས་འཇོན་ནུས་གསུམ་གྱི་དཔལ་མངའ་བའི་ཤེས་ལྡན་པ་རེ་ཟུང་གིས་སྣེ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ལོས་ཡིན། དེ་ཡང་གནའ་དེང་ཟུང་འབྲེལ་གྱི་བོད་ཀྱི་དཔེ་སྐྲུན་ལས་རིགས་འདི་དུས་རབས་དང་མཐུན་པར་མདུན་སྐྱོད་ཀྱི་གོམ་སྒྲ་ཆད་མ་མྱོང་དོན་ཡང་སྐྱེས་བུ་རེ་ཟུང་གི་བརྩོན་པ་དང་གྲུབ་འབྲས་ཅི་ལ་མིན། དེ་ལས་བོད་ཀྱི་དཔེ་སྐྲུན་ལས་རིགས་འདི་ལ་བྱས་རྗེས་མངོན་པར་མཐོ་ཞིང་མཛུབ་མོ་ནང་འགུག་གིས་བགྲང་དུ་རུང་བ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་གཅིག་ལྕོགས་སུ་འཁུར་བཞིན་པའི་བོད་རིག་པའི་མཁས་དབང་ཨ་སྔགས་ཚེ་རིང་བཀྲ་ཤིས་མཆོག་རེད།  

   ཁོང་ནི་ཡུལ་མདོ་སྨད་དམར་རྫ་སྒང་གི་ཆ་རུ་གཏོགས་པའི་གནས་ཆེན་ཤར་ཕྱོགས་དུང་རི་ཞེས་གྲགས་པའི་གངས་རྒན་བགྲེས་པོ་དེའི་འདབས་རོལ་ཏེ་དེང་གི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གི་མངའ་ཞབས་སུ་ཡོད་པའི་སྐྱང་སྨད་སྡེ་བའི་ཨ་སྔགས་ཚང་ཞེས་པའི་ཁྱིམ་རྒྱུད་རྙིང་པ་ཞིག་ནས་སྤྱི་ལོ1970ལོར་མི་ཡུལ་གྱི་ཞིང་ཁམས་སུ་ཚེ་སྲོག་གི་མྱུ་གུ་གསར་དུ་འཁྲུངས། ཆུང་བྱིས་པ་རྣམ་རིག་བཀྲ་དུས་ནས་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་རྒྱུའི་སྐལ་བ་ཐོབ་སྟེ་རང་ལོ་བརྒྱད་ལ་ལོན་སྐབས་སྤྱི་ལོ1978ལོ་ནས་གྲོང་སྡེའི་སློབ་ཆུང་དང་རྫོང་སློབ་འབྲིང་བཅས་ནས་རྒྱ་ཡིག་སྦྱངས། སྤྱི་ལོ1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས། སློབ་གླིང་དེ་ག་ནས་བགྲང་བྱ་བཞིའི་རིང་ལ་མཁན་ཆེན་པཎ་ཚེ་དང་མཁན་པོ་དོན་ཚེ། མཁན་པོ་སྨན་ལྷ། དགེ་བཤེས་བློ་བཟང་དོན་གྲུབ། མི་ཉག་བུ་ཕྲུག། མཆོག་སྤྲུལ་ཡེ་ཤེས་དར་རྒྱས། མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ། མཁན་པདྨ་རྒྱལ་མཚན་སོགས་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་དེ་དག་སྒོ་གསུམ་གུས་པ་ཆེན་པོས་སློབ་དཔོན་དུ་བསྟེན་ནས་གངས་ཅན་བོད་ཀྱི་སྒྲ་ཚད་བཟོ་དང་ནང་རིག་བཅས་རིག་གནས་ཆེ་བ་དང་། སྙན་ངག་མངོན་བརྗོད་སྐར་རྩིས་སྡེབ་སྦྱོར་སོགས་རིག་གནས་ཆུང་བ་ལ་བརྩོན་པའི་འབད་པ་ལྷུ་རུ་བཞེས་ནས་ཕུལ་དུ་བྱུང་བའི་སྦྱངས་འབྲས་དང་བཅས་སྤྱི་ལོ1990ལོར་སློབ་མཐར་སོན། ལོ་དེ་ནས་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་སུ་ལས་ཀར་ཞུགས་ཤིང་། ལས་ཁུངས་དེ་ག་ནས་བགྲང་བྱ་བཞིའི་རིང་ལ་རྒྱ་བོད་ལོ་ཙཱའི་ལས་ཀ་དོན་དུ་གཉེར། སྤྱི་ལོ1992ལོ་ནས་སྤྱི་ལོ1993ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་གནས་སྐབས་ལས་སྤོར་བྱས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་དཔེ་བསྡུར་གྱི་མཛད་འཕྲིན་བཟང་པོ་ལ་རྩེ་གཅིག་ཏུ་གཞོལ།


ཤར་དུང་རིའི་གངས་འདབས་ནས་ཆས་པའི་རིག་པའི་རྒྱལ་སྲས།

   སྤྱི་ལོ 1994 ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ནས་སློབ་ཆེན་དེ་ག་ནས་བགྲང་བྱ་གསུམ་གྱི་རིང་ལ་དུས་རབས་ཀྱི་ས་པཎ་ཞེས་གྲགས་པའི་མཁས་པའི་ཁྱུ་མཆོག་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཚང་དང་མཁས་པའི་དབང་པོ་དཔའ་རིས་སངས་རྒྱས། ལོ་རྒྱུས་རིག་པའི་མཁས་ཅན་གཉའ་གོང་དཀོན་མཆོག་ཚེ་བརྟན་སོགས་སློབ་དཔོན་དུ་བསྟེན་ཏེ་སློབ་གྲྭ་དེ་གའི་ཞིབ་འཇུག་སློབ་མའི་སྦྱང་ཚན་ཀུན་ལ་འབད་པ་ལྷུ་རུ་བཞེས། སྤྱི་ལོ ༡༩༩༧ ལོར་དགེ་བའི་བཤེས་གཉེན་དོར་ཞི་རིན་པོ་ཆེ་ཚང་རང་གི་དཔྱད་རྩོམ་མཛུབ་སྟོན་གྱི་སློབ་དཔོན་དུ་བསྟེན་ནས་གངས་ཅན་བོད་ཀྱི་ནང་བསྟན་སྙན་ངག་གི་བྱུང་འཕེལ་དང་རྩོམ་གཤིས་སྐོར་གྱི་དཔྱད་པ་འོད་སྣང་འདྲེན་པའི་སྐྱ་རེངས་ཞེས་པའི་མཐར་ཕྱིན་དཔྱད་རྩོམ་བྲིས་ཏེ་དམ་བཅའ་བཞག་ཅིང་རྩོམ་རིག་ཐད་ཀྱི་རབ་འབྱམས་པའི་ཐོབ་ཐང་བླངས། སྤྱི་ལོ 1997 ལོར་ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་དཔེ་སྐྲུན་ལས་རིགས་ཀྱི་བྱ་བའི་མཛད་པ་བཟང་པོ་བསྒྲུབ་རྒྱུའི་མགོ་བརྩམས། ལས་ཁུངས་འདི་ག་ནས་ད་བར་མི་ལོ་ཉི་ཤུ་ལྷག་གི་རིང་ལ་ས་དགེ་བཀའ་རྙིང་དང་། ཇོ་ནང་ཞི་བྱེད་གཡུང་དྲུང་བོན་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་ཚད་ལྡན་གཞུང་ལུགས་དང་བཀའ་འབུམ་གང་མང་དཔེ་སྐྲུན་བྱས་ཏེ་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་འཕེལ་བར་སྲི་ཞུ་བསྒྲུབས་པར་མ་ཟད། རྒྱལ་བསྟན་རིས་མེད་ཀྱི་གསུང་རབ་དཔེ་བསྐྲུན་གནང་བའི་རྣམ་དཀར་དགེ་བ་གང་ཞིག་འབད་པར་བསྒྲུབས་པའི་ལེགས་འབྲས་སུ་དེང་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པའི་བྱ་བའི་འགན་ལྗིད་མོ་ཕྲག་ཏུ་བཞེས་ཤིང་བོད་ཀྱི་ཤེས་རིག་གི་ཞིང་ས་ནས་མངོན་པར་བཞད་པའི་དོན་ལྡན་གྱི་དཔེ་དེབ་གང་མང་པར་དུ་བསྐྲུན་ནས་གངས་ཅན་རིག་པའི་མཛོད་དུ་མཛད་འཕྲིན་གྱི་བྱ་གཞག་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ།།

    དེང་གི་ཆར་རྩོམ་སྒྲིག་ཞུས་ཆེན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས། རྒྱལ་ཡོངས་དཔེ་སྐྲུན་ལས་རིགས་ཀྱི་རུ་འདྲེན་མི་སྣ། སི་ཁྲོན་ཞིང་ཆེན་སྐབས་བརྒྱད་པའི་རིག་གཞུང་དང་ལག་རྩལ་ཐད་ཀྱི་དབུ་ཁྲིད་མི་སྣ་སོགས་ཀྱི་མཚན་སྙན་བཞེས་བཞིན་པ་ལགས་ལ། སྔ་ཕྱིར་རྩོམ་རིག་གསར་རྩོམ་དང་རིག་གཞུང་དཔྱད་རྩོམ་སོགས་ཀྱི་ལས་ལ་གཞོལ་ནས་སྙན་ངག་དང་འབོལ་རྩོམ། རིག་གཞུང་དཔྱད་རྩོམ་སོགས་ཀྱི་བརྩམས་ཆོས་བརྒྱ་ལ་ཉེ་བ་དུས་དེབ་དང་ཚགས་པར་ཁག་ཏུ་སྤེལ་བར་མ་ཟད། རིག་གཞུང་ཞིབ་འཇུག་བྱས་པ་སོགས་ཀྱི་བརྩམས་ཆོས་པོད་བཞི་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་དང་། དེ་ལས་མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་ལ་ཞིབ་འཇུག་བྱས་པའི༼དགེ་འདུན་ཆོས་འཕེལ༽ཞེས་པའི་གསུང་པོད་དེ་ལ་ཀྲུང་གོའི་བོད་རིག་པའི་བྱ་དགའ་མཐོ་ཤོས་ཏེ་ཇོ་མོ་གླང་མ་ཞེས་པའི་བྱ་དགའི་གཟེངས་རྟགས་སོགས་བརྩམས་ཆོས་གང་མང་ལ་བྱ་དགའ་ཐོབ་མྱོང་།

        ད་ལྟར་རྒྱལ་ཁབ་རིམ་པའི་ལས་གཞི་གལ་ཆེན་ཏེ་དེབ་བརྒྱ་ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་བོད་ཀྱི་མཛེས་རིས་ཀུན་བཏུས་ཞེས་པ་དང་། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་སོགས་དཔེ་སྐྲུན་གྱི་བྱ་བའི་མཛད་འཕྲིན་བཟང་པོ་ཕྱག་ཏུ་བསྣམས་བཞིན་དུས་ཀྱི་ཉི་འོད་འོག་ནས་བོད་ཀྱི་ཤེས་རིག་གི་མེ་ཏོག་རེ་རེ་ལྷག་བསམ་གྱིས་བསྐྱངས་ཤིང་སྐྱོང་བཞིན་བོད་རིག་པའི་བསྟན་པར་ཁ་མིན་དོན་གྱིས་སྲི་ཞུ་བཟང་པོ་སྒྲུབ་བཞིན་བཞུགས་ཡོད་པ་ལགས་སོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1