རང་རེའི་ཞིང་ཆེན་གྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་21་འཛུགས་སྐྲུན་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-04


      ཉེ་ཆར། གསར་འགོད་པའི་ཁྲེན་ཏུའུ་ནས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་བྱེད་པའི་ལས་ཀའི་གྲོས་ཚོགས་ཐོག་ནས་གནས་ཚུལ་རྒྱུས་བྱུང་བ་ལྟར་ན། རང་རེའི་ཞིང་ཆེན་གྱིས་“20+1”བྱེད་ཐབས་ལྟར། བཀང་ཧན་གྲོང་ཁྱེར་དང་ཨན་ཡེ་རྫོང་། རོང་རྫོང་སོགས་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་རྫོང་20དང་། དེང་རབས་ཞིང་ལས་ཀྱི་དཔེ་སྟོན་གྲོང་ཁྱེར་དེ་ཁྲེན་ཏུའུ་གྲོང་ཁྱེར་བཅས་ལ་དངོས་སུ་སྐུལ་འདེད་གཏང་རྒྱུ་ཡིན་པ་དང་། ལོ་ངོ་གསུམ་ནས་ལྔའི་བར་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་པའི་ཞིང་ལས་སྟོབས་ལྡན་གྱི་གྲོང་ཁྱེར་དང་རྫོང་སྐོར་གཅིག་འཛུགས་སྐྲུན་བྱ་རྒྱུ་རེད།
      མིག་སྔར། རང་རེའི་ཞིང་ཆེན་གྱིས་སྐོར་ཐེངས་གསར་པའི་དེངས་རབས་ཞིང་ལས་དང་འབྲོག་ལས་རིགས་གཙོ་བོ་ཡིན་པའི་རྫོང་འཛུགས་སྐྲུན་བྱེད་པ་དང་དུས་མཉམ་དུ། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་པ་དང་ནུབ་རྒྱུད་ཀྱི་ཐོག་མའི་གོ་གནས་རུ་གནས་པའི་དེངས་རབས་ཞིང་ལས་ཀྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་21འཛུགས་སྐྲུན་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་མིག་སྔར་དེངས་རབས་ཞིང་ལས་འཛུགས་སྐྲུན་བྱེད་པའི་ཆེས་འབུར་ཐོན་གྱི་དཔེ་མཚོན་ཤིག་དུ་འགྱུར་བར་བྱེད་དགོས་ཅེས་བཏོན། ལོ་ངོ་གསུམ་ནས་ལྔའི་བར་དུ་དཔེ་སྟོན་རྫོང་དང་གྲོང་ཁྱེར་གྱིས་ཞིང་ལས་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ཐོན་ལས་ཀྱི་རིམ་པ། ཐོན་རྫས། ཚན་རྩལ། སྒྲིག་ཆས། ཞབས་ཞུ་བཅས་ཀྱི་རིམ་པ་དང་འགན་ལེན་ནུས་པ་སོགས་ཁྱབ་ཁོངས་གཞན་ཞིག་གམ་ཡང་ན་ཕྱོགས་གཞན་ཞིག་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱ་དགོས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1