སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་མེད་ཀྱི་ངོས་འཛིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


   མི་རིགས་རང་རང་གི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་མེད་ནི་རྒྱུ་རྐྱེན་འདི་དག་བྱུང་ཡོད་མེད་ལ་གཞིགས་ནས་ངོས་འཛིན་ཐུབ་དགོས་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་ལྟར་རྒྱལ་སྤྱིའི་སྐད་བརྡ་རིག་པའི་མཁས་དབང་དང་སྐད་ཡིག་ཆེད་མཁས་པ། འཛམ་གླིང་སྐད་ཡིག་ཞིབ་འཇུག་པ་གང་མང་ལྷན་འཛོམས་ཀྱིས་སྐད་ཡིག་སྐོར་ལ་དཔྱད་འཇོག་ཡུན་རིང་བྱས་མཐར་སྐད་ཡིག་འཇིག་པའི་རྒྱུ་རྐྱེན་ལྔ་ངོས་འཛིན་ཐོབ། དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་འཛམ་གླིང་ན་སྐད་ཡིག་ཕལ་ཆེར་མི་འདྲ་བ 6000 ལྷག་ཡོད་པར་ཚོད་དཔག་བྱས་འདུག་ཅིང་། དུས་རབས་ཉེར་གཅིག་པའི་མགོར་སླེབས་སྐབས་སླར་ཡང་ཞིབ་འཇུག་ལས་གྲུབ་དོན་ནི། སྐད་ཡིག 2000 ལྷག་ཙམ་ཉམས་ཚར་བ་དང་། ད་ལྟ་འཇིག་ཉེན་གྱི་སོ་ཁ་ན་ཡོད་པ་དང་། འཇིག་ངེས་པའི་སྐད་ཡིག་སྐོར། མི་རིང་བར་འཇིག་ཉེན་གྱི་དཀའ་ངལ་ལ་འཕྲད་ཡོད་པའི་སྐད་ཡིག དུས་ཡུན་རིང་ཙམ་གྱི་རྗེས་ནས་ཉམས་རྒུད་དུ་འགྲོ་སྲིད་པའི་སྐད་ཡིག 4000 ལྷག་ཙམ་ངོས་འཛིན་བྱས་འདུག དེས་ན་འཇིག་ཟིན་པའི་སྐད་ཡིག་དང་འཇིག་བཞིན་པ་དག་གི་འདས་སོང་ལ་གཞིགས་ནས་དངོས་རྟོགས་བྱུང་བ་ནི། སྐད་ཡིག་འཇིག་རྐྱེན་ལྔ་ངོས་ཟིན་བྱུང་། 
   1 སྐད་ཡིག་ལ་མི་རིགས་གཞན་འདུས་སྡོད་ཀྱི་ཉེན་ཁར་ཐུག་ཡོད་པ། 
   2 སྐད་ཡིག་ལ་ཚོང་ལས་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པའི་ཉེན་ཁ། 
    3 སྐད་ཡིག་ལ་ཆབ་སྲིད་ཀྱི་ཁེ་དབང་མེད་པའི་ཉེན་ཁ།
   4 ཕ་སྐད་ལ་དུངས་བ་མེད་པའི་ཉེན་ཁ།
    5 སྐད་ཡིག་སྲོག་ཤིང་དུ་འཛིན་པའི་ཆོས་ལུགས་དང་རིག་གནས་རྒུད་པའི་ཉེན་ཁ། 
ཉེན་ཁ་འདི་དག་གི་སོ་ཁ་ན་གནས་པའི་སྐད་ཡིག་དག་ནི་མི་རིང་བར་ས་ཆེན་པོ་སྒལ་གཞུང་ནས་རྒྱང་དུ་འགྲོ་རྒྱུ་ཡིན་པར་གཏན་ཁེལ་ཐུབ་པ་ཡིན་པའི་སྐད་ཆ་བསྒྲགས་ཡོད། 
    1 སྐད་ཡིག་ལ་མི་རིགས་གཞན་འདུས་སྡོད་ཀྱི་ཉེན་ཁར་ཐུག་ཡོད་པ། འདི་ནི་མི་རིགས་གཞན་གྱི་ས་ཁུལ་ལ་ཕར་སོང་ནས་མི་རིགས་གཞན་གྱི་ནང་ལ་འཐིམ་ཉེན་ཆེ་བ་དང་། མི་རིགས་གཞན་ཚུར་ཡོང་ནས་རང་ས་ནས་གཞིས་ཆགས་ཏེ་མི་རིགས་ཀྱི་གོམས་གཤིས་དང་འདུ་ཤེས་འཛིན་སྟངས་དང་བཅས་པར་ལྷད་ཞུགས་ནས་རིམ་བཞིན་དབང་སྒྱུར་བྱེད་ཉེན་ཡོད་པ་ཡིན་ན་སྐད་ཡིག་ཉམས་པའི་ལྟས་གཅིག་ཚང་ཡོད་པ་ཡིན།   
    2 སྐད་ཡིག་ལ་ཚོང་ལས་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པའི་ཉེན་ཁ། སྤྱི་ཚོགས་ཀྱི་དཀྱིལ་སྙིང་འཛིན་བྱེད་ནི་གཙོ་བོ་དཔལ་འབྱོར་དང་ཚོང་ལས་ཡིན་པས་མི་ཚང་མས་དེའི་ཕྱོགས་སུ་མཁོ་སྤྱོད་ཆེ་བའི་སྐད་ཡིག་ནི། ཚོང་ལས་དང་དཔལ་འབྱོར་གྱི་ཁྱབ་ཁོངས་རྒྱུགས་ཆེ་བ་ནང་བཞིན་སྐད་ཡིག་ཀྱང་རྒྱུགས་ཆེ་བ་ཡིན། སྐད་ཡིག་དེ་ཚོང་ལས་དཔལ་འབྱོར་དང་དཔུང་བ་མཉམ་གཤིབས་ཀྱི་སྟོབས་ཤུགས་མེད་སོང་བ་ཡིན་ན་སྐད་ཡིག་དེ་ཉམས་པའི་རྟགས་གཅིག་བྱུང་བ་ཡིན།
    3 སྐད་ཡིག་ལ་ཆབ་སྲིད་ཀྱི་ཁེ་དབང་མེད་པའི་ཉེན་ཁ། ཚོགས་འདུ་དང་འདེམས་བསྐོའི་ཡིག་ཆ། རྒྱལ་ཁབ་ཀྱི་གཞུང་ཡིག་སྤྱི་ཚོགས་ནང་གཏོང་ལེན་གྱི་སྐོར། བཅའ་ཁྲིམས་དང་གཞུང་འབྲེལ་གྱི་བྱ་བ་དག་ལ་སྤྱོད་དགོས་པའི་ཁྲིམས་ཀྱི་རྒྱབ་རྩ་བརྟན་པོ་མེད་པ། རྩ་འཛུགས་ཀྱི་བདག་པོ་རྒྱག་མཁན་མེད་པ་སྟེ་ཆབ་སྲིད་ཁེ་དབང་གི་རྒྱབ་རྩ་མེད་པ་ཡིན་ན་སྐད་ཡིག་དེ་ཉམས་པའི་ངུ་འབོད་གཅིག་བྱེད་བཞིན་ཡོད། 
   4 ཕ་སྐད་ལ་དུངས་བ་མེད་པའི་ཉེན་ཁ། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་གད་སྙིགས་སུ་བཟུང་ནས་དགག་རྒྱག་བྱེད་མཁན་མངོན་གསལ་གྱིས་ཡར་ལངས་པ། དགག་རྒྱག་གི་འདུ་འཛོམས་བྱུང་བ་དང་རྩོམ་ཡིག་སྤེལ་བ། མི་རིགས་ཀྱི་སྐད་བརྡ་སྨྲ་བ་རྒན་རབས་དང་དར་མའི་ངག་ཙམ་ལས། གཞོན་སྐྱེས་དང་བྱིས་པའི་ངག་ན་གཏན་ནས་མེད་པ་དང་། ཡང་ན་ལྷད་ཅན་ཏེ་བསྲེས་སྐད་ལས་མི་ཤོད་པ། རྩོམ་པ་པོ་དང་ཞིབ་འཇུག་པའི་མིག་ནང་ན་མངོན་གསལ་དུ་ཡོད་ནའང་མང་ཚོགས་དང་འཛིན་སྐྱོང་མཁན། སློབ་མ་བཅས་ཀྱི་ལུས་ངག་ན་མེད་པ་སྟེ། མི་རིགས་དང་སྐད་ཡིག་ལ་འགལ་ཟླའི་བར་ཐག་ཤོར་བ། མི་རིགས་རང་ཉིད་རང་གི་སྐད་ཡིག་ལ་དགའ་ཕྱོགས་མེད་པའི་གནས་སུ་ལྷུང་ན་སྐད་ཡིག་དེ་ཉམས་པའི་རྒྱུ་གཙོ་བོ་གཅིག་ཚང་སོང་བ་ཡིན། 
    5 སྐད་ཡིག་སྲོག་ཤིང་དུ་འཛིན་པའི་ཆོས་ལུགས་དང་རིག་གནས་རྒུད་པའི་ཉེན་ཁ། མི་རིགས་ཀྱི་སྐད་བརྡའི་སྲོག་ཤིང་བཟུང་བའི་ཆོས་ལུགས་དང་། རིག་གནས་སྒྱུ་རྩལ་སོགས་ཉམས་རྒུད་ཀྱི་གནས་སུ་ཁ་ཕྱོགས་ནས་འགྲོ་བཞིན་ཡོད་པ་ཡིན་ན་སྐད་ཡིག་དེ་ཉམས་པའི་ལྟས་གཅིག་ཚང་སོང་བ་ཡིན། དེས་ན་མི་རིགས་རང་རང་གི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་མེད་རྒྱུ་རྐྱེན་འདི་དག་བྱུང་ཡོད་མེད་ལ་གཞིགས་ནས་ངོས་འཛིན་ཐུབ་དགོས་པ་ཡིན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1