སློབ་མའི་ཕྱོགས་བསྡུས་རང་བཞིན་གྱི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་པའི་སྐོར་གྱི་བསམ་ཚུལ་འགའ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


    གཅིག དགེ་སློབ་ཀྱི་འབྲེལ་བར་ལེགས་བཅོས་བྱ་དགོས་པ། “དགེ་རྒན་ནི་མར་མེ་ཞིག་ཡིན་པའི་དབང་དུ་བཏང་ན། སློབ་མ་ཚང་མ་ཡང་ཆེ་ཆུང་དང་ཁ་མདོག་དབྱིབས་གཟུགས་སྣ་ཚོགས་པའི་མར་མེ་ཁྲི་མ་འབུམ་ཕྲག་ཙམ་རེད་ལ། དགེ་རྒན་གྱི་མར་མེས་སློབ་མ་ལ་འོད་སྣང་བསྩལ་བ་དང་མཉམ་དུ་སློབ་མའི་མར་མེ་རེ་རེས་ཀྱང་དགེ་རྒན་ལ་ཡང་འོད་སྣང་སྐྱེལ་བཞིན་ཡོད་པར་ངོས་འཛིན་ཡང་དག་པ་བྱ་དགོས”ཞེས་གསུངས་པ་ནང་བཞིན། ཕན་ཚུན་ལ་བཀུར་ཞིང་གཅེས་པའི་དགེ་སློབ་འབྲེལ་བ་འཛུགས་རྒྱུ་ནི་ཧ་ཅང་གལ་ཆེ། སློབ་མ་ཚོས་རྒྱུན་པར་རང་ཉིད་ལས་བར་ཐག་རིང་བའི་འདུ་ཤེས་འཛིན་ཞིང་དགེ་རྒན་དང་རྒྱང་བཀྱེད་ནས་འདུག་པ་ལས་གྲོགས་པོ་བྱེད་ཆོག་པའི་འདུ་ཤེས་ཅུང་ཞན་པ་རེད། དོན་ངོ་མར་དགེ་རྒན་དང་སློབ་མའི་འབྲེལ་བ་ཡིན་ཞིང་། སློབ་མ་ཚོའི་སེམས་སུ་དགེ་རྒན་ནི་ནམ་ཡང་སྙིང་གཏམ་མམ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ལབ་རུང་བ་དང་མི་ཚེའི་གནས་ལུགས་འདྲི་ཆོག་པའི་གྲོགས་མཆོག་དམ་པ་ཞིག་ཡིན་པའི་བག་ཆགས་འཇོག་དགོས། རྒྱུ་མཚན་དེའི་རྐྱེན་གྱིས་སློབ་མའི་སེམས་སུ་དགེ་རྒན་ནི་གཡོ་ཟོལ་ཅན་དང་འཇིགས་སྐྲག་སྐྱེ་དགོས་པའི་མི་ཞིག་ལ་མི་བསམ་པར་དགེ་རྒན་དང་འབྲེལ་བ་བཟང་པོ་བཟུང་ནས་གྲོགས་མཆོག་གི་འདུ་ཤེས་ཆགས་ཐུབ་པ་བྱ་དགོས། དགེ་རྒན་དང་སློབ་མ་གཉིས་ཤེས་ཡོན་དང་ཐོབ་ཐང་གི་ཆ་ན་མཐོ་དམན་དང་བར་ཐག་ཡོད་མོད། མི་ཡིན་པའི་ཆ་ནས་ཁྱད་པར་མེད་པས་དོན་ངོ་མ་རུ་དགེ་རྒན་ནི་སློབ་མའི་བཅོས་མིན་གྱི་སེམས་ཁམས་སུ་འཛུལ་ནས་གྲོགས་པོ་བསྒྲིག་དགོས། གྲོགས་པོར་གྱུར་རྗེས་དགེ་སློབ་ཕན་ཚུན་བར་འབྲེལ་བ་ཇེ་ཟབ་དང་ཡིད་ཆེས་ཇེ་ཆེར་ཡོང་བས་ན་སློབ་སྦྱོང་གི་གྲུབ་འབྲས་ཀྱང་ངེས་པར་ཇེ་མཐོར་འགྲོ་ངེས་རེད་སྙམ།
    གཉིས། སློབ་ཁྲིད་ཁྲོད་ནས་སློབ་མ་གཙོ་བོ་ཡིན་དགོས་པ། དགེ་རྒན་གྱིས་དུས་ཚོད་ངེས་ཅན་ཞིག་ལ་སློབ་ཁྲིད་བྱས་རྗེས། སློབ་མ་ལ་བྱེ་བྲག་གི་འཕེལ་རྒྱས་ངེས་ཅན་ཞིག་ཐོན་ཚེ་སློབ་ཁྲིད་དེ་ནི་ནུས་ལྡན་གྱི་སློབ་ཁྲིད་བཟང་པོ་ཞིག་ཏུ་བརྩིས་ཆོག་ལ། སློབ་མར་བྱེ་བྲག་གི་འཕེལ་རྒྱས་གང་ཡང་མ་ཐོན་ན་སློབ་ཁྲིད་དེ་ནི་ནུས་མེད་ཀྱི་སློབ་ཁྲིད་ངན་པ་ཞིག་རེད་ཅེས་བཤད་ཆོག་སྟེ། སློབ་མའི་འཕེལ་རྒྱས་ནི་སློབ་ཁྲིད་བཟང་ངན་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་རེད། དེ་བས། སློབ་ཁྲིད་བཟང་ངན་ནི་དགེ་རྒན་གྱིས་སློབ་ཁྲིད་ནང་དོན་ཁྲིད་ཚར་ཡོད་མེད་དང་ཁྲིད་པ་ནན་ཏན་ཡིན་མིན་ལ་ལྟ་བ་ལས་གཙོ་བོ་སློབ་མས་སློབ་པ་བཟང་ངན་ལ་ལྟ་དགོས་པ་རེད། དེའི་ཕྱིར་སློབ་ཁྲིད་ཁྲོད་ནས་སློབ་མ་ནི་གཙོ་བོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་བཞིན་དུ་བྱང་ཚད་སློབ་གསོའི་ཁོར་ཡུག་འོག་སློབ་མ་ནི་སློབ་ཁྲིད་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ་སློབ་ཁྲིད་ཀྱི་མཐའ་མཇུག་དམིགས་ཚད་ནི་སློབ་མའམ་གྲུབ་ཆ་གཙོ་བོའི་ཐོག་འབབ་ཅིང་གྲུབ་ཆ་གཙོ་བོ་ཉིད་འཕེལ་རྒྱས་ཡོང་དགོས། སློབ་མ་ཚོས་དགེ་རྒན་གྱི་སློབ་ཁྲིད་ནི་སློབ་མའི་སློབ་སྦྱོང་ལ་རམ་འདེགས་སམ་ཞབས་ཞུ་བྱེད་པ་ཡིན་པའི་གནས་ལུགས་ཤེས་ན་སློབ་ཁྲིད་ཁྲོད་བཀག་རྒྱ་མེད་ཅིང་བསམ་བློ་གང་ཤར་ལ་ལན་འདེབས་ཕོད་པ་དང་རྣམ་རིག་ཚང་མ་སློབ་སྦྱོང་ཐོག་བཀོལ་ཐུབ་ལ་རང་སེམས་ངོ་མས་སློབ་སྦྱོང་ལས་ཐོབ་པའི་རྒྱལ་ཁའི་སྤྲོ་སྣང་མྱོང་ཐུབ་པ་རེད། སློབ་སྦྱོང་བྱེད་སྐབས་རང་གི་ཁྱད་ཆོས་ལྡན་དགོས་པ་དེ་སློབ་བུ་ཚོའི་གྲུབ་ཆ་གཙོ་བོའི་གོ་གནས་གསལ་སྟོན་ཐུབ་མིན་གྱི་རྩ་བའི་ཚད་གཞི་ཡིན་ལ་སློབ་སྦྱོང་བྱེད་པར་རང་ལས་གཞན་སུས་ཀྱང་ཚབ་བྱེད་མི་ཐུབ་ལ་ཚབ་བྱེད་ཐབས་བྲལ་བ་ཞིག་ཀྱང་རེད།
    གསུམ། སློབ་མས་ཡང་དག་པའི་སློབ་སྦྱོང་བྱ་ཐབས་བཙལ་དགོས། སློབ་མའི་སློབ་སྦྱོང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས་ན་ཧུར་བརྩོན་ཁོ་ན་བྱེད་པ་ཙམ་མ་ཡིན་པར་སློབ་ཤེས་པར་བྱ་རྒྱུ་ནི་གནད་དོན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། སློབ་མ་རབ་འབྲིང་ཐ་གསུམ་གྱི་དགོས་མཁོ་དང་བསྟུན་ནས། ཐོག་མར་མདོར་བསྡུས་ཤིང་གོ་བདེ་བའི་བཤད་པ་ཚར་གཅིག་དང་། དེ་ནས་རྒྱས་བཤད་ཚར་གཅིག དེ་ནས་དཀའ་གནད་ལ་དོགས་པ་གཅོད་ཆེད་སློབ་དཔོན་དང་སློབ་མ་གཉིས་ཕན་ཚུན་བར་རིགས་ལུང་གི་བགྲོ་གླེང་ཡུན་རིང་ཙམ་གནང་དགོས། ཚན་རིག་དང་མཐུན་པའི་སློབ་ཐབས་ཤིག་ལོབས་ན་གནས་སྐབས་ཙམ་གྱི་བསླབ་འབྲས་ལ་ཕན་པར་མ་ཟད་ད་དུང་མ་འོངས་པའི་སློབ་སྦྱོང་ལ་རྨང་གཞི་འདིང་ཐུབ། དེའི་དབང་གིས་སློབ་མ་ཚོས་བསླབ་བྱའི་དཔེ་དེབ་ཙམ་དུ་མ་ཟད་དུས་དེབ་དང་ཚགས་པར་ལས་ཤེས་བྱ་འཐུ་བ་དང་ཉེ་འཁོར་གྱི་སློབ་གྲོགས་ཚོར་ཉམས་མྱོང་བརྗེ་རེས་བྱས་ཏེ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་ཐབས་ཤིག་ཆགས་སུ་འཇུག་དགོས། དེང་རབས་སློབ་གསོ་པ་ཝེ་ཧྲུའུ་ཧྲེང་གིས“སྤྱོད་པས་གོམས་གཤིས་གསོ་བ་དང་གོམས་གཤིས་ཀྱིས་གཤིས་རྒྱུད་ཆགས་པ། གཤིས་རྒྱུད་ཀྱིས་ལས་དབང་ཐག་གཅོད་ཐུབ་པ་བསྟན” སློབ་སྦྱོང་བྱེད་སྐབས་རྣ་བས་ཉན་པ་དང་ངག་གིས་ཀློག་པ། ལག་གིས་འབྲི་བ། བསམ་བློ་གཏོང་བ ། ཟིན་ཐོ་འགོད་པ་སོགས་ཀྱི་གོམས་གཤིས་ལེགས་པོ་ཞིག་རང་རྒྱུད་ལ་ཆགས་སུ་འཇུག་དགོས་པ་སྟེ་སློབ་ཁྲིད་སྐབས་རྣ་བས་ཉན་པར་བློ་སེམས་གཅིག་སྒྲིལ་ཡིན་པ་དང་ངག་གིས་ཀློག་པ་གནད་ལ་འབབ་པ ། བསམ་བློ་བཏང་བ་གཏིང་ཟབ་པ། ལག་གིས་འབྲི་བ་ཚུལ་མཐུན་ཁ་གསལ་ཡིན་པ། ཟིན་ཐོ་འགོད་པ་སོགས་བྱ་དགོས་པ་དེ་ཡིན།
    བཞི། དུས་ལྟར་སྦྱོང་བ་བྱ་བའི་འདུ་ཤེས་སྐྱེད་སྲིང་བྱ་དགོས་པ། འཇིག་རྟེན་སྟེང་གི་མི་ཚེ་ནི་ཚད་ཡོད་པ་ཞིག་ཡིན་པར་མ་ཟད། ན་གཞོན་དུས་སྐབས་ཀྱི་སློབ་སྦྱོང་གི་དུས་ཚོད་ཆེས་རྩ་བ་ཞིག་དང་ཡུན་ཐུང་བ་ཞིག་ཀྱང་རེད། སློབ་མ་ཚོས་སྐབས་རེ་རེའི་དཀྱིལ་རྒྱུགས་དང་མཐའ་རྒྱུགས་སྐབས་སུ་ཕྱོགས་བསྡུས་བསྐྱར་སྦྱོང་བྱེད་པ་ཙམ་ལས་དུས་རྒྱུན་གྱི་གཤར་སྦྱོང་ལྷོད་པས་ཤེས་དགོས་པའི་ཤེས་བྱ་དག་རྒྱུན་པར་ཁོང་དུ་མི་ཆུད་པར་རིམ་བཞིན་ཉི་མ་རེ་རེར་རྗེས་སུ་ལྷག་འགྲོ་བ་རེད། དོན་དངོས་སུ་བཤད་ན་སློབ་སྦྱོང་བྱེད་སྐབས་བསླབས་ཟིན་པའི་ཤེས་བྱ་དག་ཤེས་པ་དང་བསྒྲུབས་པའི་སྦྱང་གཞི་དག་འགྲིག་པའི་ཕྱོགས་ལ་འབད་དགོས་པ་རེད། དེ་ལྟར་འགྲུབ་པར་བྱེད་ན་སློབ་མ་ཚོས་དུས་ལྟར་མི་ལྷག་པ་འགའ་བསྒྲུབ་དགོས། གཅིག་ནི་སློབ་ཐུན་རེར་སློབ་མ་ཀུན་གྱིས་ནན་ཏན་སྒོས་མཉན་ནས་སློབ་ཐུན་དེ་ཚད་གཞི་ལྟར་ཤེས་ཐུབ་དགོས། གཉིས་ནི་ཉིན་རེ་བཞིན་བསྐྱར་སྦྱོང་སྔོན་ལ་བྱས་ཏེ་ལས་བྱ་རྗེས་སུ་བསྒྲུབ་པའི་གོམས་གཤིས་ཆགས་སུ་བཅུག་ནས་བསྐྱར་སྦྱོང་ལེགས་པོ་བྱེད་པའི་ཉི་མ་དེར་སློབ་ཚན་སོ་སོའི་བསླབ་བྱ་དང་ཟིན་བྲིས་ཀྱི་རྨང་གཞིའི་ཐོག་ཚད་ལྡན་སྒོས་ལས་བྱ་སྒྲུབ་པ་ལས་འགན་སྒྲུབ་ཐབས་བྱ་མི་ཉན། གསུམ་ནི་གཟའ་འཁོར་རེའི་མཇུག་ཏུ་གཟའ་འཁོར་དེར་བསླབས་ཟིན་པའི་ཤེས་བྱ་དག་ཕྱོགས་བསྡུས་བྱས་ནས་སྒྲུབ་ནོར་ཤོར་བའི་སྦྱང་གཞི་དག་ནོར་འཕྱུག་གནད་བསྡུས་སུ་བཀོད་པ་སོགས་ཐབས་ཇུས་སྣ་ཚོགས་ཀྱིས་ཁོང་དུ་ཆུད་པར་བྱ་དགོས། བཞི་ནི་ཟླ་བ་རེར་བསླབས་པའི་སློབ་ཚན་སོ་སོའི་ཤེས་བྱ་ཁག་རང་ཉིད་དང་ཡང་ན་སློབ་གྲོགས་ཀྱིས་རྒྱུགས་གཞི་བཟོས་རྗེས་རང་གིས་རང་ལ་རྒྱུགས་ལེན་པ་དང་རང་གིས་རང་ལ་སྤྱི་སྡོམ་བྱེད་ཅིང་གོམ་གང་མདུན་སྤོས་སྒོས་སྐྱོན་བཤེར་ནོར་བཅོས་བྱས་ནས་ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་དགོས།
    ལྔ། རང་ཉིད་སྔོག་འདོན་གྱི་ནུས་པ་སྐྱེད་སྲིང་བྱ་དགོས་པ། རང་རྒྱལ་གྱི་སློབ་གསོ་བཅོས་བསྒྱུར་ཁྲོད་དུ། སྔོན་ཐོན་ས་ཁུལ་གྱི་སློབ་གྲྭ་མི་ཉུང་བ་ཞིག་གིས་གཙོ་གྲུབ་རང་བཞིན་གྱི་སློབ་གསོ་དེ་བཅོས་བསྒྱུར་གྱི་ནང་དོན་དང་ཁ་ཕྱོགས་གཙོ་བོ་ཞིག་ཏུ་བཟུང་ཡོད།བསླབ་དེབ་ཀྱི་ཤེས་བྱ་བྱང་ཆུབ་པའི་ཆེད་དུ་དགེ་རྒན་གྱིས་ཆུ་སྣ་གར་ཁྲིད་ཀྱི་རྗེས་སུ་ཞུགས་ན་སློབ་མ་རང་ཉིད་ལ་གསར་སྐྲུན་གྱི་བསམ་བློ་ཞིག་ཆགས་མི་སྲིད་པ་དང་དགེ་རྒན་ལས་ལྷག་པའི་སློབ་མ་ཞིག་འབྱུང་མི་སྲིད། དོན་དངོས་སུ་སློབ་འབྲིང་གི་སློབ་མ་ཚོར་བྱ་དངོས་ལ་འཚོལ་སྙེག་དང་ཞིབ་འཇུག་ངོས་འཛིན་བྱེད་འདོད་ཀྱི་བསམ་བློ་ལྡན་པ་དང་རང་གནས་ཁོར་ཡུག་གི་ཡོད་ཚད་ལ་དྲི་བ་མང་པོ་བློ་ཐོག་ནས་འདོན་བཞིན་ཡོད་པ་ནི་རང་རྒྱུད་ལ་གནས་པའི་གསར་སྐྲུན་གྱི་ནུས་པ་ཞིག་རེད།རང་ཉིད་ལ་རང་མོས་དང་ཀུན་རྟོག་གི་སྣང་ཚུལ་ཞིག་བསྐྲུན་ན་གསར་སྐྲུན་གྱི་མེ་འོད་འབར་ངེས་པ་རེད། རྒྱུ་རྐྱེན་དེར་བརྟེན་ནས་སློབ་བུ་ཚོས་རང་ཉིད་ཀྱི་ཐུན་མིན་རང་གཤིས་རྒྱུན་བསྐྱང་བ་དང་། མཚར་སྣང་དང་སློབ་འདོད་ཀྱི་བསམ་བློ་བཅངས་ཏེ་སྤོབས་པ་ཆེན་པོས་བསམ་བློ་གཏོང་བར་མ་ཟད་ད་དུང་རྒྱུན་པར་ལྡོག་ཕྱོགས་བསམ་བློ་དང་མི་མཐུན་པ་འཚོལ་བའི་བསམ་བློ་སོགས་ཀྱི་གནད་དོན་ལ་དཔྱད་ཞིབ་དང་ཐག་གཅོད་བྱས་ཏེ། གསར་བ་དང་ངོ་མཚར།ཁྱད་འཕགས་ཀྱི་བསམ་བློའི་སྙིང་བཅུད་ཟིན་བྲིས་སུ་བཀོད་དེ་ཐག་གཅོད་བྱེད་ཐབས་འཚོལ་སྙེག་བྱས་ནས་གསར་གཏོད་ཆེན་པོ་ཞིག་རང་ཉིད་ཀྱི་ལག་ཏུ་ཐོན་སྲིད།
    མདོར་ན། གོང་གི་བསམ་ཚུལ་འདི་དག་ནི་དགེ་སློབ་གཉིས་ཀྱི་བར་ཧ་ཅང་དམ་པའི་སློབ་སྦྱོང་གི་འབྲེལ་བ་ཡིན་པས།སློབ་གསོ་སྒྲུབ་མཁན་དེ་དག་གིས་ངོས་འཛིན་ཡང་དག་དང་ཐག་གཅོད་ཡང་དག་བྱས་ན་དགེ་སློབ་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། ཀུན་ལ་ཕན་པའི་བསམ་བློ་ཕུན་སུམ་ཚོགས་པ་ཞིག་ཡིན་པས་སློབ་གསོ་ལག་ལེན་ལས་བྱུང་བའི་ཉམས་མྱོང་དག་ལག་བསྟར་བྱ་རྒྱུའི་རེ་བ་བཏོན་པ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1