༄༅།། ཚ་ཉག་དྲིལ་བུའི་ལོ་རྒྱུས་རྒྱབ་ལྗོངས།

འཇུ་རབ་གསལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-16


 
        དྲིལ་བུ་ཚ་ཉག་མ་ཞེས་གླེང་ན་ཁམས་ཁུལ་དུ་ཅུང་སྐད་གྲགས་ཡོད་ཀྱང་།   དེར་ཚ་ཉག་མ་ཟེར་དོན་དང་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་དུས་རབས་ནམ་ཞིག་ལ་དར་བ་སོགས་ནི་ཤིན་ཏུ་མག་མོག་ཅིག་ཡིན་ཞིང་། དེའི་བྱེད་པོ་སུ་ཡིན་ཡང་ད་ལྟའི་བར་ཁ་གསལ་མེད་དོ།། ཐོག་མར་དྲིལ་བུ་དེར་ཚ་ཉག་ཅེས་ཐོགས་པའི་རྒྱུ་མཚན་ལ་རྣམ་པ་གཉིས་སུ་བཤད་དུ་ཡོད་ཅིང་།  ཚ་ཟལ་མོ་སྒང་ནས་གྲུབ་ཐོབ་ཅིག་གིས་བཟོས་པས་དེ་ལ་ཚ་ཉག་མ་ཞེས་གྲགས་པར་བཤད་ཀྱང་།  དེ་ནི་ཁུངས་ཐུབ་ཀྱི་ལོ་རྒྱུས་བཤད་སྟངས་ཡིན་པའི་ངེས་པ་སྐྱེ་མི་ནུས་ཏེ།  ད་བར་ཡིག་ངག་གཉིས་སུ་འདི་ཉིད་ཁོ་ན་ཙམ་ལས་ཚ་ཟལ་མོ་སྒང་ཟེར་བ་ཞིག་བཤད་དུ་མེད་པ་དང་།  ཚ་ཉག་ཅེས་ཐོགས་པའི་རྒྱུ་མཚན་ཡང་ཆེན་པོ་མ་མཐོང་། བཤད་སྟངས་གཞན་ཞིག་ནི་ཁམས་མི་ཉག་གི་ཚ་ཉག་ཅེས་པའི་ཡུལ་ལུང་དེ་ནས་དར་བར་བཤད་ལ། ས་དེར་ད་ལྟའི་བར་དུ་ཚ་ཉག་ཅེས་པའི་མིང་མ་འགྱུར་བར་ཡོད་པར་མ་ཟད། དྲིལ་བུ་དེ་བླུག་སའི་ས་གནས་ཀྱང་ངོས་འཛིན་ཡོད་ཅིང་།  ཡུལ་འདིའི་རྒན་པ་ཚོས་ངག་ནས་འདིའི་ལོ་རྒྱུས་རྒྱབ་ལྗོངས་ཀྱང་ཤིན་ཏུ་གསལ་པོ་བཤད་དུ་ཡོད་པ་དང་། དྲིལ་བུ་དེར་ཚ་ཉག་ཅེས་ཐོགས་པའི་རྒྱུ་མཚན་ཡང་ཡུལ་གང་ནས་ཐོན་པའི་ཡུལ་མིང་ཐོན་དངོས་ལ་ཐོགས་པ་ཡིན་ཏེ།  དཔེར་ན་དྲིལ་བུ་རྒྱ་ནག་མ་དང་། སོག་ཡོབ་རྒོ་རྭ་མ་ལྟ་བུ་ཡིན་ནོ།།
        དྲིལ་བུ་འདི་ལ་ལོ་བཞི་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད་ཅིང་། དེ་ཡང་ཞིབ་ཏུ་བཤད་ན་སྤྱི་ལོ1639ཡས་མས་སུ་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་དང་། བཀའ་བརྒྱུད་པའི་བསྟན་པ་ལ་དགེ་ལུགས་པས་སོག་པོ་གུ་ཤྲཱི་ཧན་གྱི་དམག་དྲངས་ཏེ། བོད་ས་ཡོངས་ཀྱི་བཀའ་བརྒྱུད་པའི་བསྟན་པ་ལ་ཆག་ཉེས་ཆེན་པོ་བཟོས་ཤིང་།  མི་ཉག་གི་བཀའ་བརྒྱུད་པའི་དགོན་སྡེ་ཐམས་ཅད་ཀྱང་རྨང་ནས་བརླགས་པས། ད་ལྟའི་བར་མི་ཉག་ཡུལ་གྱི་ངག་རྒྱུན་དུ་བཀའ་བརྒྱུད་པའི་དགོན་པ་དག་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ན་མེད་པ་བྱས་པར་གྲགས་སོ།།
        རྫིའུ་ཉིན་དགོན་སྲིབ་དགོན་ཞེས་བཀའ་བརྒྱུད་པའི་དགོན་སྡེ་ཤིན་ཏུ་ཆེ་བ་ཞིག་སྟེ། ངག་རྒྱུན་དུ་ཉིན་དགོན་ལ་ཉི་མ་ཤར་ན། ཉིན་དགོན་གྱི་གསེར་གྱི་རྒྱ་ཕིབས་ཀྱི་འོད་ཀྱིས་སྲིབ་དགོན་ལ་ཉི་མ་རང་ཤར་ཞེས་གྲགས་ཤིང་། ད་ལྟ་ད་དུང་ཡང་དགོན་དེའི་ཤུལ་མཇལ་དུ་ཡོད་པ་དང་དགོན་དེའི་བཅའ་དངོས་འགའ་རེ་རྙེད་པའི་གནས་ཚུལ་ཡང་ཡོད། གུ་ཤྲཱི་ཧན་གྱིས་དགོན་དེ་མེ་རུ་བསྲེགས་པ་དང་། ད་ལྟ་རབ་ཁ་གྱང་རལ་དུ་འབོད་པའི་དགོན་ཤུལ་ཆེན་པོ་དེ་ཡང་དེ་དུས་མེ་རུ་བསྲེགས་པས་དེ་གཉིས་ཀྱི་ལྷ་སྐུ་རྟེན་གསུམ་གྱི་རྒྱུ་ཆ་དག་ཞུ་ནས་ཧྲིལ་པོར་འདུག་པ་དག་སྐབས་དེའི་གྲུབ་ཐོབ་སྦས་པའི་བརྟུལ་ཞུགས་ཅན་ཞིག་གིས་ཁུར་ནས། ཚ་ཉག་གི་དྲིལ་ལྡུག་བྲག་ཁུང་དུ་འབོད་པའི་གནས་དེ་ནས་དྲིལ་བུ་བརྒྱ་སྟོང་མང་པོ་ཞིག་བླུགས་པར་གྲགས་པ་དང་། གནས་དེར་ད་ལྟ་ད་དུང་ཡང་དྲིལ་བུ་བླུགས་པའི་རྗེས་ཤུལ་མངོན་གསལ་དོད་པོ་ཡོད་དོ།།
        ལར་ཚ་ཉག་དང་ཚ་ཉག་གི་གཡས་གཡོན་གྱི་དགོན་ཤུལ་དང་གནའ་ཤུལ་དག་བཀའ་བརྒྱུད་པའི་བསྟན་པ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་།  དཀའ་མོ་གདོང(ཇོ་མོ་གདོང་ཟེར་བར་སྙམ།)དང་ཁུ་མོ་རི་ཁྲོད(མཁན་མོ་རི་ཁྲོད་ཟེར་བར་སྙམ།)སོགས་ཀྱང་དུས་དེར་མེད་བརླགས་སུ་སོང་བ་དང་།   གཙང་པ་སྡེ་སྲིད་ཀྱི་སྲིད་དབང་འཐོར་ཞིག་དང་མཉམ་དུ་ཡུལ་འདིའི་མཚར་སྒྲུང་ལྟ་བུའི་དཔའ་ལྷེ་ཁྲི་སྡེ་དང་།  སྒྱོག་བོའུ་སྟོང་སྡེ་ཞེས་པའི་གནའ་བོའི་མཁར་རྫོང་གི་གྲོང་ཁྱེར་དེའང་དུས་དེར་ཉམས་རྒུད་དུ་གྱུར་ཚུལ་སོགས་ཀྱང་བཤད་དུ་མང་མོད་ཀྱང་འདིར་སྐབས་སུ་ཆེར་མ་བབས་པས་བསྐྱུར་བར་བྱ། 
        སྤྱིར་རྡོར་དྲིལ་ནི་རྒྱུད་སྡེ་གོང་འོག་གི་ཕྱག་མཚན་ནམ་བརྡ་རྟགས་ཁྱད་པར་ཅན་ཞིག་ཡིན་ཞིང་། རྒྱུད་སྡེ་ལས་རྡོ་རྗེ་ནི་ཐབས་བྱང་ཆུབ་ཀྱི་སེམས་དང་དྲིལ་བུ་ཤེས་རབ་སྟོང་པ་ཉིད་ཀྱི་མཚོན་བྱེད་དུ་གསུངས་པ་དང་།  གཞི་བདེན་གཉིས་ཟུང་དུ་འཇུག་པ།  ལམ་ཐབས་ཤེས་ཡ་མ་བྲལ་པ།  འབྲས་བུ་སྐུ་གཉིས་ཟུང་འཇུག་མངོན་དུ་བྱེད་པའི་ཐབས་བླ་ན་མེད་པ་ཞིག་ཡིན་པ་དང་།  གཞན་ཡང་ཀློང་ཆེན་སྙིང་ཐིག་ལས།  རྡོ་རྗེས་ནི་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔ་ལ་སོགས་པ་མཚོན་ཞིང་།  དྲིལ་བུས་ཀྱང་ཞལ་ཀྱི་རྣམ་པ་ཡོད་པ།  རྒྱུད་སྡེ་འོག་མ་ལས་རྣམ་པར་སྣང་མཛད་དང་། གོང་མ་རྣམས་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་བཤད་པས་སྐུའི་རྣམ་པ་དང་། ཡུམ་བརྒྱད་ཀྱི་ས་བོན་ངོས་སུ་ཡེ་གེའི་རྣམ་པ་ཤར་བ།  སངས་རྒྱས་ཀྱི་གསུང་ཆོས་ཀྱི་སྒྲ་དབྱངས་མཚོན་པར་བྱས་པ་ཡིན་པས་སྐུ་གསུང་ཐུགས་རྟེན་གསུམ་ཀའི་མཚན་ཉིད་ཚང་བ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་ཚང་ཞིང་དམ་ཚིག་གི་རྫས་ཐུན་མོང་མ་ཡིན་པ་ཡིན་པར་གསུངས་། དེ་ལ་དབྱེ་བ་ལྔ་རུ་གསལ་ལ། ཡེ་ཤེས་ཀྱི་དྲིལ་བུ་དང་། དམ་ཚིག་གི་དྲིལ་བུ། ནད་མེད་པ་དང་ཚེ་རིང་བར་བྱེད་པའི་དྲིལ་བུ།   དཔའ་བོའི་དྲིལ་བུ། དེ་བཞིན་གཤེགས་པའི་དྲིལ་བུ་བཅས་ཡོད་ལ། ཚ་ཉག་དྲིལ་བུ་ནི་དམ་ཚིག་གི་དྲིལ་བུ་ཡིན་པར་མངོན་ཏེ་།  དེའི་དབྱིབས་ཚད་དྲིལ་བུ་སྤྱིའི་ཚད་དང་ལྡན་ཞིང་།  རྡོ་རྗེའི་ཕྲེང་བ་གཉིས་ཀྱི་བར་དྲ་བ་ཕྱེད་དམ་འཁོར་ལོའི་ཕྲེང་བ་དོད་པ་དང་།  དབུ་ནི་རྡོ་རྗེ་ཕྱེད་པ་རྩེ་ལྔ་པའི་དབྱིབས་སུ་ཡོད་པས་དེ་ནི་དམ་ཚིག་གི་དྲིལ་བུ་ཡིན་པར་འཇམ་མགོན་ཨ་མེས་ཞབས་ཀྱིས་རྡོར་དྲིལ་རྣམ་བཤད་སྔགས་གཅེས་ནོར་ལས་གསུངས་སོ། །
        དྲིལ་བུ་ཚ་ཉག་མ་ལའང་ཕ་དྲིལ་ལམ་མ་དྲིལ་དང་། བུ་དྲིལ་ཞེས་གཉིས་སུ་ཡོད་ལ།དེ་གཉིས་སྤྱིའི་ཆ་ནས་མི་འདྲ་བ་ཆེར་མེད་ཀྱང་།  ཕ་དྲིལ་ལ་ཐུན་མིན་གྱི་ཁྱད་ཆོས་འགའ་རེ་ཡོད་པ་ནི།  ལྟོ་བའི་རྡོ་རྗེའི་ཕྲེང་བ་སྟེང་མའི་ནང་གི་རྡོ་རྗེ་དག་ཕྱེད་ལས་གསལ་བོ་དོད་མེད་དང་།  དྲིལ་བུའི་ནང་གི་པདྨའི་འདབ་མ་དག་ཕན་ཚུན་རེག་མེད་བར་ཕྱེས་ནས་ཡོད་པ།  དྲིལ་བའི་ཁ་ནང་དུ་ཅུང་རྔུབ་པའི་སྟེང་དུ་མཛུབ་རྗེས་ལྟ་བུའི་རྗེས་ཤུལ་གསུམ་ཡོད་ཅིང་།  དེ་ནི་དྲིལ་བུ་བླུགས་ནས་མཇུག་མཐའི་ལས་སུ་བྱ་བ་སྟེ་དྲིལ་བུ་བླུག་ཀོང་ལས་ལེགས་པར་འཁྱགས་སུ་འཇུག་དགོས་ཀྱང་།  དེ་ལྟར་མ་གྲུབ་པར་གྲུབ་རྟགས་ཀྱིས་ཕྱིར་བླངས་པའི་ཕྱག་མཛུབ་ཀྱི་རྗེས་ཡིན་པར་གྲགས།  སྤྱིར་དྲིལ་བུ་འདིའི་རྒྱུ་ཆ་བཀའ་བརྒྱུད་པའི་དགོན་པ་འགའི་ལྷ་རྟེན་གྱི་རྒྱུ་ཆ་ཡིན་པས། དེ་ལ་གྲུབ་མཉེས་ཀྱི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་གང་མང་གིས་རབ་གནས་དང་བྱིན་གྱིས་བརླབས་ཡོད་པ་དང་།  ལྷག་ཏུ་ཕ་དྲིལ་ནི་དུས་གསུམ་ས་ལེར་གཟིགས་པའི་གྲུབ་ཐོབ་ཅིག་གིས་དགོས་པ་ཁྱད་པར་ཅན་ལ་དམིགས་ནས་བླུགས་པ་ཡིན་པས་བྱིན་རླབས་ཀྱི་དཔལ་འབར་ཞིང་།   དྲིལ་བུ་འདིའི་སྒྲ་ཙམ་ཐོས་པས་ཀྱང་ངན་སོང་གི་སྒོ་ཁེགས་ཞེས་སྔོན་གྱི་དམ་པ་དུ་མས་གསུངས།  བུ་དྲིལ་ཡང་གྲུབ་ཐོབ་དེའི་དངོས་སློབ་དང་གྲུབ་ཐོབ་ཀྱི་བཀའ་ཡིས་གནང་བ་ཐོབ་པའི་ལག་ཤེས་རྒྱུད་འཛིན་པས་བླུགས་པ་ཡིན་ཞིང་།  དེ་ཡི་ལྟོ་བའི་རྡོ་རྗེའི་ཕྲེང་བ་དག་གསལ་བོ་དོད་ཅིང་ནང་གི་པདྨའི་འདབ་མ་ཕན་ཚུན་རེག་པར་ཡོད་པ་དང་།  དྲིལ་བུའི་ཁར་མཛུབ་རྗེས་ལྟ་བུའི་རྗེས་ཤུལ་མེད་ལ་རྡོ་རྗེའི་ཕྲེང་འོག་མའི་ནང་དུ་རྡོ་རྗེ་རྒྱ་གྲམ་ཞིག་ཡོད་པ་ལས་ཕ་དྲིལ་དང་གཅིག་མཚུངས་སུ་ཡོད།  དྲིལ་བུ་འདིའི་དབྱིབས་ལེགས་ཤིང་རི་མོ་དག་མ་འདྲེས་པར་ཞིབ་ཆ་ཆེ་བ། མདོག་ཡག་པ།  ཆེ་ཆུང་ཚད་ཐིག་ལ་རན་པ། དྲིལ་བུའི་མཚན་ཉིད་མ་ལུས་ཚང་པ། མདོར་ན་བོད་ཀྱི་ས་གནས་རང་ནས་ཐོན་པའི་དྲིལ་བུ་ཁྱད་དུ་འཕགས་ཤིང་རྨད་དུ་བྱུང་བ་ཞིག་གོ །
        དྲིལ་བུ་འདིའི་རྩེ་རྡོར་དང་རྡོ་རྗེའི་ཆུ་སྲིན་གྱི་ཁ་ནང་དུ་བསྐོར་ཡོད་པར་ཡང་ཞལ་རྒྱུན་དུ་འདི་ལྟར་གྲགས་ཏེ།  དྲིལ་བུ་ཐོག་མ་ཉུང་ཤོས་ཤིག་གི་རྡོ་རྗེ་དང་རྩེ་རྡོར་གྱི་ཆུ་སྲིན་གྱི་ཁ་ཕྱི་རུ་བསྐོར་བས།  མཁའ་ལ་རྒྱུ་བའི་ཡི་དྭགས་དང་ལྷ་སྲིན་སྡེ་བརྒྱད་མང་དག་ཅིག་གིས་དེའི་རྔམ་ཟིལ་མ་བཟོད་ནས།  དྲིལ་བུ་འདིའི་བྱེད་པོ་གྲུབ་ཐོབ་དེ་ལ་རྡོ་རྗེའི་ཆུ་སྲིན་གྱི་ཁ་ནང་དུ་སྐོར་བར་ཞུས་པ་དང་། དྲིལ་བུ་ལྡུག་པར་ཆ་རྐྱེན་དང་། དྲིལ་བུ་འདི་ཉིད་ཕྱོགས་དང་ཕྱོགས་སུ་རྒྱས་པར་རམ་འདེགས་བྱེད་པར་ཁས་བླངས་པས།  སྔོན་མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པར་ལྷ་སྲིན་སྡེ་བརྒྱད་ཀྱིས་མཐུན་རྐྱེན་བྱས་པ་ལྟ་བུའི་ཆེ་བའི་ཡོན་ཏན་མཐོ་བ་དང་། རྗེས་སུ་རྡོ་རྗེའི་ཆུ་སྲིན་གྱི་ཞལ་ནང་དུ་བསྐོར་བས།  མཆོག་དང་ཐུན་མོང་གི་དངོས་གྲུབ་བམ་ནང་གི་དངོས་གྲུབ་ཕྱི་རུ་མི་གཡེལ་བའི་རྟེན་འབྲེལ་མཆོག་ཏུ་འགྲིགས་པར་གྲགས།
        སྤྱིར་ཚ་ཉག་དྲིལ་བུ་ལྟ་བུའི་རིག་དངོས་དག་ལ་དབྱེ་ཞིབ་དང་བདག་པོ་རྒྱག་རྒྱུ་ནི་ཅུང་ཟད་དཀའ་བའི་ལས་ཤིག་སྟེ།  ཡིག་ཆ་གང་དུའང་མེད་པ་དང་།  ངག་རྒྱུན་དག་ཀྱང་རིམ་གྱིས་ཁ་ཤོ་སྣ་རལ་དུ་འགྱུར་བཞིན་པས་དཀའ་ལས་མང་དག་ཅིག་མ་བརྒྱུད་ན་རིག་དངོས་གང་དེར་རྒྱུས་ལོན་བྱེད་པར་རྔོ་མི་ཐོགས་པ་དང་།  ལྷག་ཏུ་བདག་འདྲའི་རིག་དངོས་ཞིབ་འཇུག་དང་དམངས་ཁྲོད་རིག་གནས་ཉམས་ཞིབ་ལ་ཆ་རྒྱུས་ཞན་པ་ཞིག་གིས་དེ་ཙམ་ལས་བཤད་པ་མ་སྤོབས་པའམ། དེ་འདྲ་ཞིག་ལས་བཤད་དུ་མི་འཇོན་པས་དེ་ཙམ་གྱིས་འཐུས་པར་བྱས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1