༄༅།། བོད་ཀྱི་དམངས་སྲོལ་ཁ་ཤས་ལས་བོན་དང་འབྲེལ་བའི་རིག་གནས་སྐོར།

བཀྲ་ཤིས་དབང་རྒྱལ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 09-05


དང་པོ།  འདས་མཆོད་ཀྱི་ཆོ་གའི་ཐོག་ནས་བོན་གྱི་རིག་གནས་གླེང་བ།

        མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ནང་།  ཕུང་པོ་བྱ་གཏོར་གྱི་ཐབས་ལམ་མམ་ཡང་ན་མཆོད་རྟེན་གྱི་ལུགས་སུ་སྦས་པའམ་མེར་བསྲེགས་པ།   ས་སྦས་སུ་གཏོང་བ་སོགས་གང་ཞིག་ཡིན་རུང་དེ་ནི་ཕུང་པོ་གཙང་སེལ་གྱི་བྱེད་ཐབས་ཙམ་ཞིག་ཡིན་པ་ལས། གཤེན་པོའི་རྣམ་ཤེས་ཡར་འདྲེན་བྱ་རྒྱུར་གཙོ་བོ་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ལ་བརྟེན་དགོས་བཞིན་ཡོད། མ་གཞིར་ཆོ་ག་དེ་དག་ལ་སངས་རྒྱས་ཆོས་ལུགས་ཀྱི་རྣམ་པའི་རང་བཞིན་ལྡན་ཡོད་ཀྱང་། ཆོ་ག་དེའི་རྩ་བའི་རྨང་གཞིའམ་བྱ་ཐབས་གཙོ་བོ་ནི་བོན་ཆོས་ལུགས་ཀྱི་བསམ་བློ་གཏོང་སྟངས་ཤིག་ཡིན།
        དེས་ན་ས་སྟེང་དང་ས་འོག  ས་བླ་བཅས་ཁམས་གསུམ་གྱི་འཇིག་རྟེན་ལྟ་ཚུལ་ངོས་འཛིན་བྱེད་ལ། དེ་བས་མི་རྣམས་ཀྱི་སྣང་ངོར། གལ་ཏེ་གཤིན་པོ་གང་དེའི་འདས་ཆོས་ལེགས་པར་གྲུབ་ཚེ། གཤིན་པོ་ཉིད་ཀྱི་རྣམ་ཤེས་སྡུག་ཀུན་འཁོར་བའི་གནས་ལས་གྲོལ་བ་བྱ་རྒྱུ་དེ་ཡིན།  དེ་བས་འབྲེལ་ཡོད་ཀྱི་ཆོས་འདོན་སོགས་བྱེད་སྐབས་ཁྱིམ་ཚང་དེའི་ཁྱིམ་མི་ཚང་མ་དགེ་འདུན་ནམ་བླ་མ་གང་དེའི་སྐུ་མདུན་དུ་འདུག་དགོས་ཀྱི་ཡོད་ཅིང་། གལ་ཏེ་མི་སྣ་གང་རུང་ཞིག་ལས་དོན་གྱིས་དུས་ཐོག་དུ་སླེབས་མ་ཐུབ་ཚེ། དེའི་ཚབ་ཏུ་རང་ཉིད་ཀྱི་གྱོན་པ་གང་རུང་ཞིག་ངེས་པར་དུ་ཆོས་འདོན་པའི་སྐུ་མདུན་དུ་འཇོག་དགོས། དེ་ལྟར་ཆོ་ག་དེ་ལྟ་བུ་ཞིག་སྤེལ་རྗེས་སུ། གཤིན་པོའི་རྣམ་ཤེས་དེ་ཡང་རང་ཉིད་ཀྱི་སྤུན་མཆེད་སོགས་ལ་དྲན་སེམས་མེད་པར་སྔར་མིན་གྱི་ལམ་བུ་གསར་པ་ཞིག་འཚོལ་བསྙེགས་བྱས་ཏེ་འགྲོ་བཞིན་ཡོད། འོན་ཀྱང་དེ་ལྟ་བུའི་ཆོ་ག་མ་སྤེལ་བའམ་ཡང་ན་གཤིན་པོས་དྲན་སེམས་འཆང་བའི་ཁྱིམ་མི་གང་རུང་ཞིག་འདས་ཆོས་ཀྱི་ཆོ་ག་དེར་ཞུགས་མ་ཐུབ་ཚེ། སྐབས་ལ་ལར་ཁྱིམ་ཚང་དེའི་ཁྱིམ་མི་བསོད་ནམས་དམན་པའམ་ཡང་ན་རླུང་རྟ་ཆུང་བ་ཞིག་ལ་རྐྱེན་ངན་བར་ཆད་སོགས་ཡོང་གི་ཡོད་ལ། ཡང་སྐབས་ལ་ལར་ཁྱིམ་ཚང་དེའི་སྒོ་ཕྱུགས་ལ་གོད་ཁ་འབྱུང་ངེས་ཡིན་པས། མི་རྣམས་ཀྱིས་དེ་ལྟ་བུའི་སྣང་ཚུལ་དེར་གཤིན་པོས་ཁོ་ཚོ་གང་རུང་ཞིག་གི་རྣམ་ཤེས་འཁྲིད་ཀྱི་ཡོད་པར་ངོས་འཛིན་བྱེད་པས། དེ་ལྟ་བུའི་སྐབས་འཁེལ་བའི་གནས་ཚུལ་འགའ་རེས་མི་རྣམས་ཀྱི་སེམས་ལ་འཇིགས་སུ་རུང་བའི་ཚོར་སྣང་ཞིག་སྟེར་ངེས། 
        དེ་ཡང་ཡུལ་སྲོལ་རིག་གནས་ཤིག་ལ་བསམ་ཚེ། དེ་ནི་མི་རིགས་གང་དེའི་བསམ་པའི་འདུ་ཤེས་འཛིན་སྟངས་ལ་ཀུན་སློང་ཐེབས་རྒྱུར་གལ་ཆེའི་ནུས་པ་ཐོན་གྱི་ཡོད་པ་མ་ཟད། ད་ལྟའི་ཡུལ་སྲོལ་གོམས་གཤིས་ལས་བོད་རིགས་མི་དམངས་ཀྱིས་འདས་ཆོས་བྱེད་ཐབས་ཐད་བོན་ལུགས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་མངོན་ཐུབ།
གཉིས་པ།  བསང་གཏོང་བའི་གོམས་གཤིས་ཐོག་ནས་བོན་པོའི་རིག་གནས་གླེང་བ།
        བོད་མིའི་བསང་གཏོང་བའི་གོམས་སྲོལ་དེ་དུས་ཅི་ཙམ་ནས་དར་བ་ཡིན་པ་དང་།  དེའི་འབྱུང་རྩ་གང་ཡིན་པ་ཞིག་ཁ་གསལ་ཡིག་ཐོག་ལ་བཀོད་པ་ཞིག་མཇལ་རྒྱུ་མ་བྱུང་ཡང་།  མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས།  བསང་ནི་བོད་རིགས་ཀྱི་ལྷ་གསོལ་བའི་བྱེད་སྒོའི་ནང་མེད་དུ་མི་རུང་བ་ཞིག་ཡིན།  ལོ་རྒྱུས་ཀྱི་ཐོག་ནས་བཤད་ན།  གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་སེལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་ཡིན་པར་གསུང་ཞིང་།  བོན་གྱི་ཡོངས་རྩེའི་འགྲེལ་པ་ཞེས་པ་ལས།  གཉའ་ཁྲི་བཙན་པོ་ལས་ལྷ་ཡུལ་ནས་བྱོན་ཚུལ་གླེང་སྐབས་བོན་ཡང་ངལ་དང་།  མཚེ་མི།  ཙོ་མི་གསུམ་ཡང་མཉམ་དུ་མངགས་པར་ཡབ་ཀྱི་ཞལ་ནས།  གནམ་དོ་ལ་གཤེགས་པ་ན།  མི་ཡུལ་བཙོག་དང་ནལ་ཆེ་བས།  ཡ་ངལ་གྱིས་སྣ་དྲོངས་ཤིག མཚེ་མིས་སྐུ་གཡས་རྟེན་ཅིག ཙོ་མིས་སྐུ་ཡི་གཡོན་རྟེན།  ཡ་ངལ་གྱིས་སེལ་བསང་གྱིས་ཞེས་བསྟན་ཡོད།  དེ་ལྟར་ན།  ལྷ་ཡི་རིགས་སྤྱན་འདྲེན་ཞུ་བའི་དུས་སུ།  ཐོག་མར་བསང་དུད་གདུག་ནས་ཡུལ་ཁམས་ཀྱི་བཙོག་གྲིབ་རྣམས་སེལ་དགོས་པ་རང་ཤུགས་སུ་ཤེས་ཐུབ་པར་མ་ཟད།  བོད་མིའི་ཁྲོད་དུ།  བསང་གཏོང་བའི་གོམས་སྲོལ་དེ་དར་ནས་ད་བར་ལོ་ཉིས་སྟོང་ལྷག་གི་དུས་ཡུན་ཡིན་ཡོད་པ་དང།  བསང་གཏོང་བའི་སྲོལ་དེ་བོན་ཆོས་ཀྱི་ཤུགས་རྐྱེན་ཡིན་ཅིང་།  དེའི་བསམ་པའི་སྐུལ་སློང་བཙོག་གྲིབ་སེལ་རྒྱུའི་ཆེད་དུ་ཡིན་པ་བཅས་གསལ་པོ་རྟོགས་ཐུབ།
གསུམ་པ།  མནའ་སྐྱེལ་སྲོལ་དང་བོན་ཀྱི་འབྲེལ་བ།
        རྟེན་གསུམ་སོགས་དཔང་དུ་བཙུགས་ནས་དམ་བཅས་པ་ལ་མནའ་ཞེས་བྱ་ཞིང་།  མནའ་ཞེས་པའི་ཐ་སྙད་དེའི་གོ་དོན་གང་ཡིན་ཐད་མཁས་དབང་འགའ་ཤས་ཀྱིས་རང་གི་གདོང་ལ་དྲང་པོར་གནས་པ་སྣ་ཡིན་པ་ན།  ཐོག་མ་སྣ་ཡིན་མིན་གྱི་བསྙོན་བྱུང་ལ།   བདེན་རྫུན་འབྱེད་པའི་དྲང་ཐིག་གི་ནུས་པ་ཐོན་གྱི་ཡོད་པས།   གདོད་མའི་མི་རྣམས་ཀྱིས་མིའི་གདོང་ན་དྲང་པོར་གནས་པའི་སྣ་ལ་དཔེ་བཞག་ནས་བཏགས་པ་དེ་རིམ་པས་མནའ་ཞེས་པར་འཕོ་འགྱུར་བྱུང་བ་ཡིན་ཞེས་གསུངས་འདུག
 བཞི་བ།  གཉེན་སྒྲིག་སྐབས་ཀྱི་ཆོ་ག་དང་བོན་གྱི་འབྲེལ་བ་གླེང་བ།
        སྤྱིར་སྟོད་མངའ་རིས་སྐོར་གསུམ་ནས་བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་གི་ཆར་གཏོགས་པའི་བོད་ལྗོངས་འདིའི་ས་ཆ་མང་ཆེ་བར་བག་མ་སྐྱེལ་དུས་ཨ་མཆོད་གདན་འདྲེན་ཞུས་ནས་གཡང་འབོད་བྱེད་དགོས་པ་དང་།  བག་མ་འགྲོ་ཁར་ཨ་མས་བག་གཡང་འབོད་པ་རེད།  ས་ཆ་ལ་ལར་བག་མ་དེ་ཐོག་མར་ཕོ་སྦྲའི་ནང་འགྲོ་ཞིང་།  དེ་རྗེས་ཚེ་སྒྲུབ་དང་།  གཡང་འགུགས་ཟབ་རྒྱས་གནང་གྲུབ་པ་ན་བླ་མཆོད་ཀྱི་གཙོ་བོ་དེས་བུ་མོ་དེ་ལ་མིང་གསར་པ་ཞིག་འདོགས་སྲོལ་ཡོད་པ་རེད།    བག་མ་ཁྱིམ་ནང་དུ་ཐོན་པ་ན་ཕུགས་ཀྱི་མཆོད་ཁང་དང་ཐབ་ཀ་སོགས་ལ་ཕྱགས་གསུམ་རེ་འཚལ་ཏེ་གྲུབ་རྗེས་བག་མས་ལག་པ་གཉིས་ཀྱིས་བལ་ལམ་ཁ་བཏགས་ཀྱིས་དཀྲིས་པའི་ཟངས(གསེར་དངུལ་ཡིན་ན་ལྷག་ཏུ་བཟང་)ཀྱི་ཐོམ་བུས་སྔ་མོ་ནས་གྲ་སྒྲིག་ཡོད་པའི་དཀར་ཡོལ་གཙང་ཞིང་མདངས་གསལ་བ།  དེའི་ཐོག་ཏུ་བཀྲ་ཤིས་རྟགས་བརྒྱད་དང་།  གཡུང་དྲུང་གི་རི་མོའམ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་སོགས་ཀྱི་རིས་ལེགས་པ་གསུམ་གྱི་ནང་དུ་འོ་ཇ་ཁོལ་མགོ་བཅུས་ཏེ་ཁྱིམ་གྱི་མཆོད་མདུན་དང་རྒན་པ་ཚོར་འདྲེན་པ་ཡིན།  གང་ལྟར་བོད་འདི་ལྟས་བཟང་པོར་རིགས་ནི་དེ་བས་ཀྱང་བཀྲ་ཤིས་ཤིང་གཡང་འཁོར་བའི་དགེ་བའི་མཚན་མ་བཟང་པོ་ཞིག་ཏུ་བརྩི་བ་ནི་རོང་འབྲོག་ཚང་མ་གཅིག་པ་རེད་ལ།  དཔེར་ན།  བག་མ་སློང་དུས་བར་བས་ཆང་དམ་ལ་ཁ་བཏགས་སམ་བལ་དཀར་པོས་དཀྲིས་ནས་འཁྱེར་ནས་བ་དང་།  བག་རྟ་ཁ་བཏགས་ཀྱིས་འཁྲིད་པ།  བག་གདན་དཀར་པོ་འདིང་བ།  ཞོ་འོ་མས་ཁྲུས་གཙང་བྱེད་པ།  འབྲུ་ཟན་གཏོར་བའམ་གཡུང་དྲུང་གི་རི་མོ་འབྲི་བ།  གྲོ་མ་འབྲས་སིལ་དང་ཇ་ཆང་མར་རྩམ་ཕྱུར་སོགས་ཀྱི་སྡེར་ཁ་སྒྲིག་པ་སོགས་ཤིན་ཏུ་མང་ངོ་།  །
མཇུག་བསྡུ་བ།
        བོན་པོ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ཆོས་ལུགས་རྙིང་མ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་།  དུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་བོད་མིའི་འཚོ་བ་དང་ལྷན་དུ་སྦྲེལ་པ་དང་འོ་ཆུ་འདྲེས་པ་བཞིན་དུ་སྣང་།  དེ་ནས་སངས་རྒྱས་ཆོས་ལུགས་བོད་དུ་གདན་དྲངས་པའི་རྐྱེན་དང་སྲིད་དབང་གིས་རྒྱབ་སྐྱོར་གནང་བས་རིམ་བཞིན་བོན་དར་བ་དང་མུ་མཐུད་དུ་གནས་པར་མང་ཚོགས་ཀྱི་རྨང་གཞི་ཤོར་ནས་མཐར་སངས་རྒྱས་ཆོས་ལུགས་བོད་སྤྱི་ཚོགས་ཀྱི་རིག་གནས་གཙོ་བོར་གྲུབ།  ཡིན་ཡང་བོད་མིའི་རྒྱུན་བཀོལ་གྱི་ཆོ་ག་སོགས་སུ་དང་ཡང་བོད་ཀྱི་དམངས་ཁྲོད་རིག་གནས་སུ་བོན་པོའི་རིག་གནས་ཀྱི་ཤུགས་རྐྱེན་བླ་ལྷག་མངོན་གསལ་དུ་མཐོང་ཐུབ་བོ།  ། 
2016ལོའི《ཁ་བཏགས་དཀར་པོ།》དེབ་བཞི་བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1