༄༅།། དགེ་རྒན་ནི་ཤེས་རབ་ཀྱི་སྤྱན་འབྱེད་མཁན་དེ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-09


དགེ་རྒན་ནི་ཤེས་རབ་ཀྱི་སྤྱན་འབྱེད་མཁན་དེ་ཡིན།

___དགེ་རྒན་དུས་ཆེན་ལ་ཕུལ་བ།

དགེ་རྒན་གྱི་སློབ་གསོ་ནི་སློབ་མའི་ནར་སོན་གྱི་ལོ་ཟླ་ཡིན།
       དགེ་རྒན་ཞེས་པ་ནི་ལེགས་ཉེས་བླང་དོར་འབྱེད་པའི་བློ་མིག་ལྟ་བུར་བཤད་བཞིན་ཡོད་པས་འཇིག་རྟེན་གྱི་ཤེས་བྱ་དག་ལ་ཅུང་བློ་མ་རྨོངས་པའི་སྒོ་ནས་གཞན་ཕ་རོལ་པོར་ལམ་ཁ་ཡག་པོ་ཞིག་ཏུ་འཇོག་ཐུབ་རྒྱུའི་སྙིང་སྟོབས་ཕྲན་བུ་རེ་ཡོད་མཁན་ཞིག་ཅིའི་ཀྱང་ཡིན་དགོས་ལ་ཤོག་ངོས་སུ་དཔར་བའི་ཡི་གེ་ཞིག་ངོ་སྤྲོད་བྱེད་རྐྱང་ཙམ་གྱིས་དགེ་རྒན་ཞེས་པའི་མིང་དོན་དང་མཚན་ཉིད་ཡོངས་སྟོན་ཐུབ་ཀྱིན་མི་འདུག དེ་ན་དགེ་རྒན་ཞིག་ཡིན་ཙ་ན་རང་ཉིད་ཀྱིས་རང་ཉིད་ཀྱི་བསམ་བློར་དུས་རྒྱུན་བརྟག་སྦྱོང་བྱེད་རྒྱུ་དང་སྤུས་ཚད་གཞལ་རྒྱུ་སོགས་གལ་ཆེ་བོ་རེད། འཆད་ཁྲིད་ཀྱི་གར་སྟེགས་སུ་གཟུགས་བརྙན་ཙམ་པོ་དང་ཟླ་རེའི་ཕོག་གི་དོན་གཅིག་པོར་བསམ་མཁན་ཞིག་ལ་དགེ་རྒན་དང་སློབ་དཔོན་ཡང་ན་ཡོངས་འཛིན་ཞེས་མིང་ལྷན་སྦྱར་མ་ཞིག་སྦྱར་ནའང་མིང་དོན་དང་གྲུབ་འབྲས་དམིགས་ཡུལ་ཅི་ཡང་མེད་པས་དེ་ལ་དཀོར་ཟན་ལྷག་མ་ཞིག་གི་མིང་གིས་བསྙད་ན་ནི་ཆོག་པར་སེམས། དེ་ཡང་རྒྱུ་མཚན་དང་བཅས་གསེད་ན་ན་ནིང་དང་ད་ལོའི་བར་ལ་སློབ་གྲྭ་ཆུང་འབྲིང་གི་རྒྱུགས་སྤྲོད་ཀྱི་ལམ་ལུགས་དང་སློབ་མར་ཁྲིད་སྟོན་གྱི་ལམ་ལ་གོ་འཛོལ་ཆེན་པོ་ཐེབས་པས་དུས་ཚོད་ཀྱི་བཀོད་སྒྲིག་དང་སློབ་ཁྲིད་གཉིས་གཞི་གཅིག་ཏུ་འདྲེས་མ་ཐུབ་པར་སློབ་ཆུང་སློབ་མ་ཚོ་དཀའ་ངལ་ལ་འཕྲད་བཞིན་པའང་ཉུང་ཉུང་མ་རེད། རྒྱུ་རྐྱེན་དེའི་དབང་གིས་སློབ་ཆུང་དང་དམའ་འབྲིང་དབར་གྱི་རྒྱུགས་གཞི་དེ་ལ་བར་གེགས་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་རེད། དེ་བཞིན་དམའ་འབྲིང་ནས་མཐོ་འབྲིང་གི་ཐེམ་སྐེས་བརྒྱུད་མ་ཐུབ་པར་འབྲིང་རིམ་ལ་ལྷུང་བའི་སློབ་མ་ག་ཚོད་ཡོད་དམ། དེ་ནི་དགེ་སློབ་གཉི་ཀའི་ཕམ་ཁ་ལས་སློབ་མ་གཅིག་པུའི་གནད་དོན་མིན་པར་འདོད། དེང་སང་བོད་ཀྱི་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་ཡུལ་ཚོའི་སློབ་གྲྭ་ཁག་ཏུ་མི་རིགས་སྐད་ཡིག་གཙོ་བོར་འཛིན་པའི་དགེ་རྒན་ཉམས་མྱོང་ཅན་མེད་པ་དང་བོད་སྐད་ཡིག་ལ་ཆ་རྒྱུས་མེད་པའི་ཁར་བྱ་བའི་ལས་གནས་ལ་གསར་དུ་ཞུགས་པའི་མི་རིགས་གཞན་པའི་ལོ་ཆུང་དག་མངགས་པ་དེ་ནི་ས་གནས་དེར་ཤ་ཚ་བོ་དང་སྙིང་ཉེ་མཁན་མེད་པ་དང་། ས་གནས་དེའི་སློབ་གསོ་འཕེལ་རྒྱས་སུ་གཏོང་མཁན་མེད་པས་ལན་པ་རེད། ཡིན་ཡང་དང་མའི་སློབ་གསོ་ནི་ཕ་མའི་སློབ་གསོ་ཟེར་ཡང་ཕ་མའི་སློབ་གསོ་ནི་ཀུན་སྤྱོད་གཤིས་ལེགས་ཀྱི་སློབ་གསོ་ཡིན་པས་སློབ་གྲྭའི་སྐད་ཡིག་སློབ་གསོ་དང་ཅུང་འདྲ་གི་མེད། དགེ་རྒན་གྱི་སློབ་གསོ་ནི་སྐད་ཡིག་རྨང་གཞིར་འཛིན་པའི་སློབ་གསོ་ཡིན་པས་བྱིས་པར་སློབ་གསོ་གཏོང་བ་ལ་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ་བྱིས་པའི་སྐབས་ཐོག་གི་སེམས་ཁམས་དང་བསྟུན་ནས་ཀུན་སྤྱོད་དང་ཤེས་ཡོན་ཡར་རྒྱས་གཏང་རྒྱུའི་བྱེད་ཐབས་སྤྱད་ན་ལེགས་པ་ལས་མཐའ་གཅིག་ཏུ་བཙན་དང་གཅར་རྡུང་བྱེད་པ་ནི་ཤེས་རབ་ཀྱི་རུ་དཔུང་ཞིག་གི་སྣེ་ཁྲིད་སྟངས་ཡིན་པར་རློམ་པ་དེ་ནི་ནོར་འཁྲུལ་ལོ། །    
དགེ་རྒན་ལ་ཡོན་ཏན་དང་ཀུན་སྤྱོད་གཉིས་ཀ་མཁོ།
       དགེ་རྒན་ཞེས་པ་ནི་བློ་རིག་གི་སྒོ་མོ་ཐོག་མར་འབྱེད་མཁན་དེ་ཡིན་པ་ནི་འུ་ཅག་གིས་བཤད་ཟིན་དང་བཤད་འགྱུར་གྱི་སྐད་ཆ་གང་ཡིན་པ་དེའི་རྩ་བའི་གཞི་འཛིན་ས་དེ་ཡིན། ཡིན་ཡང་དགེ་རྒན་ནི་སློབ་མ་ལས་བསམ་བློ་དང་ཤེས་ཡོན་གང་ཐད་ནས་གོང་དུ་འཕར་ཡོད་པ་ཞིག་ཡིན་དགོས་པ་དང་སློབ་མར་བློ་འབྱེད་རང་བཞིན་ཅན་གྱི་ནུས་པ་སྟེར་ཐུབ་པ་ཞིག་ཨེ་འཁྱོངས་ལ་འབད་ཐོགས་འཆད་པའི་འགན་དེ་བླངས་ན་ལེགས།  དགེ་བའི་ལས་གང་ཞིག་བསྒྲུབ་པར་བྱེད་པ་ལ་ཐོག་མར་སྒྲུབ་མཁན་གྱི་ཀུན་སློང་གཙང་ཞིང་དག་པ་དམིགས་ཡུལ་དང་ལམ་སྣེ་མ་འཆོལ་བའི་སྒོ་ནས་བསྒྲུབ་རྒྱུ་དེ་མི་རིགས་སློབ་གསོའི་ནང་དུ་དྲངས་ནའང་ལེགས་པའི་ཆ་ཞིག་རེད། དགེ་རྒན་གྱི་ཀུན་སྤྱོད་བཟང་བ་དང་བསམ་བློའི་ནང་ཁོག་ཡངས་ན་སློབ་མའི་ཀུན་སྤྱོད་དང་བསམ་བློའང་བཟང་བོར་ཆགས་ཐུབ། དེ་ནི་རྒྱུ་དང་འབྲས་བུ་ལྟ་བུའི་འབྲེལ་བ་ཡོད་པས་གཙོ་བོ་སློབ་མའི་མིག་སྔར་ཀུན་སྤྱོད་ལེགས་པོ་བྱ་རྒྱུ་གནད་ཀྱི་དོན་རེད། ཀུན་སྤྱོད་དང་ཤེས་ཡོན་རྒྱུད་ལྡན་གྱི་སློབ་དཔོན་དང་དགེ་རྒན་ནི་སློབ་གྲྭའི་རྒྱན་དང་སློབ་མའི་མགོན་དང་དཔུང་གཉེན་ལྟ་བུར་བཞག་ཆོག དགེ་རྒན་ལ་ཤེས་ཡོན་ཡོད་ཀྱང་དུས་རྒྱུན་དུ་ལོག་ལམ་དུ་འཁྱམས་ནས་ཆང་དང་ཤོ་རྒྱན་ལ་མགོ་འཁོར་ཏེ་སློབ་མའི་མ་འོངས་དང་མདུན་ལམ་མི་བསམ་པར་བརྩེ་བ་བོར་བའི་མི་དེ་དག་ལ་ཀུན་སྤྱོད་དང་མི་གཤིས་ལས་རིང་དུ་གྱེས་འདུག་པས་དེ་ལྟ་བུའི་དགེ་རྒན་ལ་ལ་སློབ་གསོའི་སྒྲིག་ལམ་ལས་འཆོལ་ཏེ་རང་གི་སློབ་མ་དང་མཉམ་དུ་དུ་ཆང་གི་ཁྲོད་ན་སྣང་བ་སྐྱིད་ལ་སྐུར་མཁན་མང་དུ་སྣང་བས་དོན་དག་དེའི་རིགས་ཀྱིས་སློབ་མའི་སེམས་ལ་བག་ཆགས་ངན་པ་བཞག་སྟེ་སློབ་སྦྱོང་གི་འདུ་ཤེས་མེད་པར་གྱུར་འགྲོ་བ་དང་། ཕུགས་བསམ་རུལ་བ་དང་བསམ་བློ་མེད་པའི་མི་དག་འབྱུང་ཉེན་པས་དེའི་རིགས་ལ་དགེ་རྒན་ཚོས་གཟབ་པར་བྱ་ཡི་གནས་སོ། །  
དགེ་རྒན་ཞེས་པ་གནས་ལུགས་ཀྱི་མི་བུ་ཞིག་ཡིན་དགོས།
        སྤྱིར་ན་དགེ་རྒན་གྱི་འགན་འཁྲི་དང་བྱ་བ་སྒྲུབ་ལུགས་སོགས་ནི་ལས་གནས་གཞན་པར་ཡོད་པའི་ལས་བྱེད་ཅིག་དང་ཡེ་ནས་མི་མཚུངས་ཤིང་། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ འཛོམས་པོ་ཞིག་ལྡན་དགོས་པ་ནི་ཞི་དུལ་བག་ཡོད་དང་ཚུལ་མཐུན་གྱི་སྤྱོད་པར་ངང་གིས་གནས་པ། གུས་རྟག་སྦྱོར་བའི་བརྩོན་པ་རྒྱུན་ཆགས་སུ་བསྟེན་པ། འཁྲིད་བྱའི་ཚིག་ལ་འགྲེལ་བརྗོད་ཡང་དག་པ་གནང་བ། ལུང་གི་ནོན་བཙན་ཞིང་རིག་པའི་འགྲོས་མྱུར་བ། འཆད་པའི་ལྗགས་རྩེ་ཡངས་ཤིང་གསལ་དག་གཉིས་ལྡན་གྱི་སྨྲ་བརྗོད་མྱུར་བ། སྐྱོ་ངལ་དང་སུན་སྣང་གི་འདུ་ཤེས་མེད་པ། བསམ་བློའི་སྤྱི་ཁོག་ཡངས་ཤིང་བསམ་གཞིག་གི་རྒྱབ་ལྗོངས་སྟུག་པ་སོགས་ཆ་རྐྱེན་དེ་དག་འདང་དགོས་པ་རྩ་བའི་རྨང་གཞི་རེད། འོན་ཏེ་དེ་དག་གི་བྱེད་ནུས་མ་འཛོམས་ཀྱང་གནས་ལུགས་ཀྱི་བློ་ཁོག་ཡོད་པ་ཅན་ཞིག་ངེས་པར་ཡིན་དགོས། ང་ཚོའི་ཡོད་ཚད་རིག་གནས་ཀྱི་བསྐྱེད་བྱར་གྱུར་བ་ཡིན་ལ་རིག་གནས་དེའི་ནང་སྙིང་དང་དགེ་མཚན་བྱེད་ནུས་སོགས་དང་པོ་དགེ་རྒན་གྱི་ངག་ནས་གྲུ་ཆར་ལྟར་དབབ་རྒྱུ་ཞིག་ཡིན་པས་གསར་དུ་འབུས་བཞིན་པའི་ལྗང་མྱུག་གི་ཞིང་ས་དེ་ཡང་བརླན་གཤེར་ཅན་ཏུ་གཏང་རྒྱུ་དེ་དགེ་རྒན་གྱི་འོས་འགན་ཉག་གཅིག་ཡིན་པས་དགེ་རྒན་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་དང་བསམ་བློ་ལ་ནེམ་ཤ་བཏོད་མཁན་ཡིན་པས་རེ་བའི་ཞིང་ས་དེ་ས་རྒོད་རི་ཤོར་ཅན་ཏུ་གཏང་མི་རིགས་པའི་སེམས་ཁྲལ་ཡོད་དགོས། དགེ་རྒན་ནི་སློབ་མའི་ཕ་མ་གཉིས་པ་ལྟ་བུར་བརྩི་ཡི་ཡོད་པས་སློབ་མའི་ནར་སོན་ཁྲོད་ཀྱི་ལང་ཚོ་དེའང་དགེ་རྒན་གྱིས་གཉོར་སྐྱོང་གི་ཐབས་ལམ་བཙལ་ཏེ་སློབ་མའི་སེམས་ཁམས་ལ་འཕྲོད་པའི་སློབ་ཁྲིད་བྱ་རྒྱུ་དང་ལུས་པོ་སྦྱོང་བརྡར། རྩེད་རིགས་སྣ་ཚོགས་རྩེ་བ། མཉམ་དུ་ཞོགས་སྦྱོང་ལ་ཞུགས་པ་སློབ་གླུ་ལེན་པ་སོགས་སློབ་མའི་སེམས་ལ་གང་འཕྲོད་པ་དེ་ཤེས་བྱའི་རིག་ལམ་ན་ཡོད་པའི་རིག་ལམ་དེ་དག་བེད་སྤྱོད་བྱ་ཐུབ་པ་ཞིག་འཁྱོངས་ན་དགེ་སློབ་བར་གྱི་བརྩེ་བ་དེའང་གཏིང་ཇེ་ཟབ་དང་སློབ་སྦྱོང་ལ་སྤྲོ་བ་ཇེ་འཕེལ་ལ་འགྲོ་ཐུབ་རྒྱུར་ཕན་ཐོགས་ཆེ། ལས་བྱ་བགོ་བ་དང་བློར་འཛིན་སྐྱོར་སྦྱོང་གི་འགན་འཁུར་སྐྱོན་པ་སོགས་ཚད་ལས་བརྒལ་བའི་རིགས་མགོར་མི་སྐྱོན་པར་སློབ་མའི་སེམས་ཁམས་ལ་བསྟུན་ནས་ཚད་གཞི་ཡོད་པ་དང་འཁྲིད་བྱ་དེབ་ཀྱི་ནང་དོན་དང་གཞུང་ཚིག་ལུང་འདྲེན་སོགས་ལ་གོ་རིམ་ཡོད་པ། དུས་ཚོད་དམ་འཛིན་དང་གནས་ལུགས་མ་བོར་སྒོ་ནས་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་ཞེས་པའི་མིང་སྤྱི་བ་ཡོད་དོ་ཅོག་གི་འོས་འགན་ཡིན་ནོ། །
དགེ་རྒན་དང་སློབ་མའི་ཁྱིམ་བདག་བར་གྱི་མཛའ་འབྲེལ་ཡོད་དགོས།
        དགེ་རྒན་དང་སློབ་མའི་ཁྱིམ་བདག་གཉིས་ཀ་སློབ་མར་མཚོན་ན་སློབ་སྦྱོང་གི་གོ་རིམ་དང་མི་ཚེའི་ནང་གི་ཆེས་མེད་དུ་མི་རུང་བའི་མི་སྣ་གལ་ཆེན་དང་མི་ཚེར་འོད་སྟོང་སྤྲོད་མཁན་དེ་ཡིན། ཡིན་ཡང་ཡིན་དགོས་གཅིག་བྱས་ན་ཕ་མས་རང་གི་བུ་ཕྲུག་ལ་ཤ་ཚ་བ་དང་སྙིང་ཉེ་སྟངས་སོགས་འཇིག་རྟེན་གྱི་ཕ་མ་ཀུན་པོ་གཅིག་མཚུངས་ཡིན་པས་ཤ་ཚ་སྟངས་ཤེས་པའི་སྒོ་ནས་སློབ་གསོའི་འདུ་ཤེས་ཤིག་ངེས་པར་ཁྱེད་རང་ལ་ཡོད་དགོས། བུ་ཕྲུག་སློབ་གྲྭར་བཏང་ཉིན་ནས་ཁྱིམ་བདག་གིས་སྒོར་མོ་འབོར་ཆེན་བྱིན་ཏེ་སློབ་མ་ངན་ལངས་དང་ལད་པོ་རུ་གཏོང་བ་དེ་ནི་ཕ་མས་ཤ་ཚ་སྟངས་དང་སྙིང་ཉེ་སྟངས་མ་ཤེས་པའི་ལམ་ལུགས་ནོར་འཁྲུལ་ཅན་རེད་དེ། དེ་ལྟའི་བྱ་བ་སྣ་ཚོགས་པ་བྱུང་སྟེ་སློབ་མས་དགེ་རྒན་གྱི་སློབ་ཁྲིད་ལ་མི་ཉན་པར་རང་སྣང་གང་འདོད་ཀྱི་སློབ་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་གཏོང་མཁན་དག་ཕལ་ཆེར་བ་ཁྱིམ་བདག་རྒྱུ་ཆེན་ཚོའི་བུ་བུ་མོ་ཡིན་པས་དེར་ཁྱིམ་བདག་ཚོས་ཡང་གཟབ་དགོས། དབྱར་དགུན་གནང་གི་དུས་ཚོད་ནང་སློབ་མའི་ཁྱིམ་བདག་ཚོས་དུས་ཚོད་གང་ཡོད་བེད་སྤྱད་དེ་ཟུར་ནས་ཁྱིམ་དུ་དགེ་རྒན་གདན་ཞུ་བ་དང་བྱིས་པ་ཟབ་སྦྱོང་གང་ཡོད་ལ་འཇུག་རྒྱུ་ནི་སློབ་མར་ཤ་ཚ་སྟངས་ཡག་ཤོས་ཤིག་ཡིན་པས་དེ་ལ་ཁྱིམ་བདག་ཀུན་གྱིས་དོ་སྣང་བྱ་དགོས་པའི་ལས་རེད། གོང་དུ་ཞུས་ཟིན་གྱི་རིགས་གང་ཡིན་ལ་དགེ་རྒན་དང་ཁྱིམ་བདག་གཉིས་ཀས་བསམ་བློ་བཏང་སྟེ་སློབ་མ་འཇོན་ཐང་ཅན་དང་ཤེས་ཡོན་ཅན་གྱི་མི་ཞིག་ཏུ་འགྱུར་ཐུབ་པར་སུས་ཀྱང་ཧུར་བརྩོན་བྱ་དགོས་པ་དང་འཐུས་ཤོར་གྱིས་མི་ཚེ་ལ་རྫོགས་ཚིག་འགོད་མཁན་ཞིག་ཏུ་འགྱུར་མི་ཉན་པར་གཟབ་ནན་བྱ་དགོས་སའི་གནད་ཀྱི་དོན་དུ་འཁུམས་སོ། །  
        ཞེས་མི་ཚེ་བོད་སྐད་ཡིག་གི་ཁྲོད་ན་ཟད་ཁུལ་བྱེད་བཞིན་པའི་སེར་གཟུགས་སྨ་ར་ནག་ནག་ཅན་གང་དེས་དགེ་རྒན་དུས་ཆེན་ཉིན་ལ་བོད་རིག་གནས་ཀྱི་གྲོང་ཁྱེར་གནའ་མཁར་ཟི་ལིང་ནས་བཏེགས་པ་དགེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1