ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་རྒྱལ་སྤྱིའི་མཛེ་ནད་ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཤིན ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-20


        སྤྱི་ཟླ་9པའི་ཚེས་19ཉིན། སྐབས་བཅུ་དགུ་བའི་རྒྱལ་སྤྱིའི་མཛེ་ནད་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོ་པེ་ཅིང་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཚོགས་ཆེན་ཚོགས་པར་སེམས་གཏིང་ནས་ནས་རྟེན་འབྲེལ་ཞུས་པར་མ་ཟད།   གྲོས་ཚོགས་སུ་ཞུགས་པའི་མཛེ་ནད་ལས་རིགས་ཕྱོགས་ཀྱི་ཆེད་མཁས་པ་དང་སྐུ་མགྲོན་རྣམས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་པ་དང་།  མིའི་རིགས་ཀྱི་བདེ་ཐང་གི་ཆེད་དུ་བྱས་རྗེས་བཞག་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་མཛེ་ནད་རིག་པའི་ལས་རིགས་ཀྱི་མི་སྣ་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུས། 
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ཁྲོད་བསྟན་དོན།   མཛེ་ནད་མེད་པའི་འཇིག་རྟེན་ཞིག་གསར་སྐྲུན་བྱ་རྒྱུ་ནི་འཛམ་གླིང་ཡོངས་ཀྱིས་མཛེ་ནད་ལ་ཚོད་འཛིན་བྱེད་པའི་ཆེས་མཐར་ཐུག་གི་དམིགས་འབེན་རེད།  ཐེངས་འདིའི་ཚོགས་ཆེན་སྟེང་མཇུག་མ་རྫོགས་པའི་བྱ་བཞག་སྤེལ་མཚམས་བཞག་ནས་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པ་དང་མཉམ་འདྲེས་ལ་སྐུལ་འདེད་གཏང་རྒྱུ་བརྗོད་དོན་གཙོ་བོར་བཟུང་ནས།  དམིགས་འབེན་འདི་སྔ་མོ་ནས་མངོན་འགྱུར་བྱེད་པར་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།
         ཞི་ཅིན་ཕིང་གིས་འཛམ་གླིང་མཛེ་ནད་སྔོན་འགོག་གི་ལས་དོན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་མོད།  འོན་ཀྱང་འོས་འགན་སྔར་བཞིན་ལྕི་བ་དང་ལམ་ཐག་སྔར་བཞིན་རིང་བས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་མཐུན་སྒྲིལ་མཉམ་ལས་དང་དཀའ་ངལ་ཁྱད་སེལ་བྱེད་དགོས།   ཀྲུང་གོས་ལས་ཀའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ།  མུ་མཐུད་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཛེ་ནད་རིག་པའི་འཕེལ་རྒྱས་དང་གསར་སྐྲུན་ལ་ཡར་སྐུལ་གཏོང་བ་དང་སྔ་མོ་ནས་མཛེ་ནད་མེད་པར་གཏོང་བའི་དམིགས་འབེན་ཀྲུང་གོ་ནས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས།  འཛམ་གླིང་ཡོངས་ཀྱིས་མཛེ་ནད་མེད་པར་གཏོང་བའི་ཐད་ལ་སྔར་ལས་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

        རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲོ་ཡིས་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོའི་སྟེང་ཞི་ཅིནཕིང་གིས་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་མཛད། 

         ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་སྤྱིའི་མཛེ་ནད་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་ཀྲུང་གོའི་མཛེ་ནད་སྔོན་འགོག་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ།  རྒྱལ་སྤྱིའི་རྩ་འཛུགས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་འཐུས་མི།  ཀྲུང་གོ་དང་ཨ་མེ་རི་ཁ། རྒྱ་གར།  བྷ་རེ་ཟེ་སོགས་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ནས་ཡོང་བའི་མིང་དུ་གྲགས་པའི་ཆེད་མཁས་པ་དང་འཐུས་མི་སྟོང་གཅིག་དང་སུམ་བརྒྱ་གྲོས་ཚོགས་ལ་ཞུགས།།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1