ཁྱིམ་གྱི་སློབ་གསོ་དང་མི་རིགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


  ཁྱིམ་གྱི་སློབ་གསོ་བཟང་ངན་ལས་ཁྱིམ་རྒྱུད་དང་མི་རྒྱུད་བཟང་ངན་ཆགས་བཞིན་ཡོད་ལ།ཁྱིམ་རྒྱུད་རེ་རེ་དང་མི་རྒྱུད་རེ་རེའི་བཟང་ངན་ནི་མི་རིགས་སྤྱིའི་མདུན་ལམ་དང་སྤུས་ཚད་ལ་རག་ལས་ཡོད་པ་རེད།གལ་ཏེ་དེ་རིང་གི་མི་རིགས་ཤིག་སྔོན་ཐོན་ཡིན་མིན་ལ་གཞལ་བསྡུར་བྱེད་དགོས་ཚེ།མི་རིགས་དེའི་སྤྱིའི་སྤུས་ཚད་མཐོ་དམས་ཐག་གཅོད་བྱེད་དགོས་ལ།སང་ཉིན་མི་རིགས་ཤིག་སྔོན་ཐོན་ཡིན་མིན་ཚོད་དཔག་བྱེད་སྐབས་དེ་རིང་གི་སློབ་གསོ་དང་ནང་སྒོས་སུ་དེ་རིང་གི་ཁྱིམ་གྱི་སློབ་གསོ་སྒྲུབ་པ་བཟང་ངན་གྱིས་ཐག་གཅོད་ཐུབ་ངེས་རེད།
      འཛམ་གླིང་སྟེང་མི་རིགས་ལྔ་བརྒྱ་དགུ་བཅུ་ལྷག་ཡོད་པ་དེ་དག་གི་འདས་པའི་ཁྱིམ་གྱི་སློབ་གསོའི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་དེ་རིང་༼སྔོན་ཐོན་མི་རིགས༽དང་༼རྗེས་ལུས་མི་རིགས༽ཞེས་པའི་བར་ཁྱད་བྱུང་ཡོད་ལ།སྔོན་ཐོན་དང་རྗེས་ལུས་ཀྱི་བར་ཁྱད་འདིས་རྗེས་ལུས་མི་རིགས་ཀྱི་འཕེལ་རྒྱས་ལ་ཤན་ཤུགས་ཐེབས་བཞིན་ཡོད་པ་མ་ཟད།ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།སྔོན་ཐོན་མི་རིགས་ཀྱི་འཕེལ་རྒྱས་དང་།མི་རིགས་སོ་སོ་མཉམ་མཐུན་མཉམ་འཕེལ་དང་མཉམ་འབྲེལ་མཉམ་གནས་ལ་དཀའ་ཁག་ངེས་ཅན་ཞིག་བཟོ་བཞིན་ཡོད་པས།རང་ཉིད་ཇི་ལྟར་རྗེས་ལུས་ཡིན་ན་སློབ་གསོ་ལ་དེ་ལྟར་གཙིགས་ཆེན་བྱེད་རྒྱུ་ནི་མི་ཞིག་གི་འཕེལ་རྒྱས་ཀྱི་ཐབས་ཇུས་ཆེས་གལ་ཆེ་བ་ཞིག་རེད་སྙམ།སློབ་གསོ་ནི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ཡིན་པས།སློབ་གསོ་གཏོང་མཁན་གྱི་ཕ་མའི་ཤེས་བྱའི་ཆུ་ཚད་དང་།སྤུས་ཚད།རྩལ་ནུས་།བྱེད་ཐབས་སོགས་ལ་འབྲེལ་བ་དམ་པོ་ཡོད་པ་དང་།མཐར་གཏུགས་ནས་བཤད་ན།སློབ་གསོ་ནི་བརྩེ་སེམས་ཀྱི་སྒྱུ་རྩལ་ཞིག་ཡིན་པས།བྱིས་པ་ལ་བརྩེ་སེམས་ལྡན་པའི་ཕ་མ་ཡོད་ཚད་སློབ་གསོ་སྒྱུ་རྩལ་པར་འགྱུར་བའི་རྨང་གཞིའི་ཆ་རྐྱེན་ཚང་ཡོད་པ་རེད།བྱིས་པ་སུ་ཞིག་ཡིན་ཡང་ཡ་རབས་རྒྱུད་བཟང་གི་བྱིས་པ་ཞིག་བྱེད་ཆོག་ཆོག་ཡིན་མོད།གཙོ་བོ་ཕ་མ་ཡོད་ཚད་སློབ་གསོ་སྒྱུ་རྩལ་པ་ཞིག་ཏུ་འགྱུར་ཐུབ་མིན་ལ་རག་ལས་ཡོད།དེ་བས།དེ་རིང་གི་སློབ་གསོ་སྒྱུ་རྩལ་པའི་ཕ་མ་རྣམས་ཀྱི་བྱིས་པ་ནི་སང་ཉིན་གྱི་འཇོན་ཐང་མི་སྣ་དང་ཡ་རབས་ཀྱི་བྱིས་པ་ཡིན་ལ།དེ་ལས་ལྡོག་པའི་ཕ་མའི་བྱིས་པ་ནི་ནུས་མེད་དང་མ་རབས་ཀྱི་བྱིས་པ་ཡིན་ལ།དེ་ལས་ལྡོག་པའི་ཕ་མའི་བྱིས་པ་ནི་ནུས་མེད་དང་མ་རབས་ཀྱི་བྱིས་པའམ་༼ཕ་མ་ངན་པའི་བུ་ཕྲུག་༽ཡིན་ངེས་རེད།མི་རིགས་གང་ཞིག་ཡིན་ཡང་མི་རིགས་དེ་ལ་ཁྱིམ་གྱི་སློབ་གསོ་མི་ཤེས་པའི་ཕ་མ་ངན་པ་ཅི་ཙམ་མང་ན་བུ་ཕྲུག་ངན་པ་དེ་ཙམ་མང་ལ།ཕ་མ་ངན་པའི་བུ་ཕྲུག་ཅི་ཙམ་མང་ན་མི་རིགས་སྤྱིའི་སྤུས་ཚད་ལ་ཤན་ཤུགས་ཆེན་པོ་ཐེབས་ངེས་ཡིན་པས།ཁྱིམ་གྱི་སློབ་གསོ་ནི་མི་རེ་རེ་དང་ཁྱིམ་ཚང་རེ་རེའི་འཚོ་གནས་དང་མདུན་ལམ་ལ་འབྲེལ་བ་དམ་པོ་ཡོད་པ་མ་ཟད།མི་རིགས་འཕེལ་རྒྱས་ཀྱི་རྩ་བའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་རེད་སྙམ།
      འོ་ན་དོན་དངོས་ལག་ལེན་གྱི་ཁྲོད་ནས་རིག་གནས་ཆུ་ཚད་ཞན་པའམ་ཐ་ན་ཡིག་རྨོངས་པའི་ཕ་མ་རེ་གཉིས་ཀྱིས་འཛམ་གླིང་རིམ་པའམ་རྒྱལ་ཁབ་རིམ་པའི་འཇོན་མི་སྐྱེད་སྲིང་བྱས་པའི་གནས་ཚུལ་འདི་ཇི་ལྟར་བྱུང་བ་ཡིན་ཟེར་ན།ཕ་མ་རྣམས་ཀྱི་སེསམ་དཀར་གཞུང་དྲང་གི་གཤིས་ཀ་དང་།བབ་ཆགས་བརྟན་བརླིང་གི་གོམས་སྲོལ།འགྲོགས་བདེ་གཤིབ་བདེའི་བྱེད་ཐབས།གནས་ལུགས་གོང་བཀུར་གྱི་མི་གཤིས།དཔའ་ཞིང་ལས་ལ་བརྩོན་པའི་སྙིང་སྟོབས་དང་།སྤྱོད་ལམ།སྐད་ཆ་རེ་རེ་ནི་བྱིས་པའི་མ་དཔེ་རེ་རེ་དང་།ཡར་སྐུལ་ཞིག་ཏུ་འགྱུར་ཐུབ་ཚེ་ཕ་མ་དེ་དག་ལ་ཕྱིའི་རིག་གནས་ཀྱི་ཆུ་ཚད་མཐོན་པོ་མེད་ཀྱང་ནང་བྱིས་པ་སྐྱོང་ཐབས་ཀྱི་སེམས་རྒྱ་དང་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་ཡོད་པས།ཕ་མ་དེ་དག་ནི་དོན་གྱིས་སློབ་གསོ་སྒྱུ་རྩལ་པའམ་བྱིས་པ་སྐྱོང་ཤེས་པའི་ཕ་མ་ཕྱུག་པོ་དང་།ཕ་མ་མཁས་པའམ་ངོ་མ་དྲིན་ཆེན་གྱི་ཕ་མ་ཤ་སྟག་རེད།ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན་མི་རིགས་ཤིག་གི་དར་རྒུད་ནི་ཕ་མ་ཕྱུག་པོའི་སྤྱི་གྲངས་ཀྱིས་ཐག་གཅོད་བཞིན་ཡོད་།དེ་བས་ཀྱང་སློབ་གསོ་སྒྱུ་རྩལ་པའི་ཨ་མའི་སྤྱི་གྲངས་ཀྱིས་ཐག་གཅོད་བཞིན་ཡོད།དེ་བས་སློབ་གསོ་ནི་བྱིས་པ་ནས་མགོ་རྩོམ་དགོས་པར་མ་ཟད།ཕ་མ་ནས་མགོ་རྩོམ་དགོས་པ་དང་།ཤན་ཤུགས་ཐེབས་ཚད་མཐོ་བའི་ཨ་མའི་སློབ་གསོ་ནས་མགོ་རྩོམ་དགོས་པ་རེད་སྙམ།སྤྱིར་ཁྱིམ་གྱི་སློབ་གསོ་དང་མི་རྒྱུད་ཀྱི་ཐད་ནས་ཚང་མས་མཉམ་འཇོག་བྱས་མ་བྱས་ཀྱི་དབང་གིས་རབ་རིབ་སབ་སིབ་ཏུ་གྱུར་པའི་རྨོངས་ཁུལ་མི་ཉུང་བ་ཞིག་ཡོད་མོད།མདོར་བསྡུས་ན།༼མི་རྒྱུད༽དང་༼ཁྱིམ་རྒྱུད་བཟང་ངན༽གྱི་གནད་དོན་ནི།འདས་པའི་ཁྱིམ་ཚང་རེ་རེའི་སློབ་གསོ་བཟང་ངན་གྱི་མཇུག་འབྲས་ད་ལྟའི་ཁྱིམ་རྒྱུད་དེ་དང་དེའི་སྟེང་དུ་སྨིན་པའི་བརྡ་རྟགས་ཧ་ཅང་གསལ་བོ་ཞིག་ཡིན་པས།ཚང་མས་གང་མྱུར་གྱི་སྒོ་ནས་ཁྱིམ་གྱི་སློབ་གསོར་ལེགས་བཅོས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད་ན་ཡང་།སྤྱི་ཚོགས་སྟེང་ན་ཁྱིམ་ཚང་དེ་བས་མང་བོ་ཞིག་གིས་ད་ལྟ་ད་དུང་དེ་ལས་ལྡོག་སྟེ།༼ཕ་རུས་དཀར་པོ་དུང་འདྲ་འདྲ།།མ་རྒྱུད་སེར་པོ་གསེར་འདྲ་འདྲ།།༽ཞེས་ལྷན་སྐྱེས་ཀྱི་རུས་རྒྱུད་གནད་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ནའང་།དོན་གྱིས་མི་སུ་ཞིག་ཡིན་རུང་ཁྱིམ་གྱི་སློབ་གསོར་གཙིགས་ཆེན་བྱས་ཚེ་ཚང་མ་༼ཕ་རུས་དཀར་པོ་དུང་འདྲ་འདྲ་དང་།།མ་རྒྱུད་སེར་པོ་གསེར་འདྲ་འདྲར༽གྱུར་ཆོག་ཆོག་ཡིན་པ་དང་།ཁ་ཅིག་གིས་ངའི་བྱིས་པར་ཇི་ལྟར་བྱས་ཀྱང་རེ་བ་མེད་སྙམ་སྟེ་ཡིད་ཐང་ཆད་པ་ལས།སློབ་གསོ་གཏོང་ཐབས་འགྲིགས་ན་བྱིས་པ་མ་རབས་དེ་ཡ་རབས་སུ་འགྱུར་ཐུབ་པ་དང་དེའི་ཐད་ལ་ཧུར་བརྩོན་བྱེད་ཐུབ་ཀྱིན་མེད།ཡང་མི་དེ་བས་མང་པོ་ཞིག་གི་སློབ་གྲྭའི་སློབ་གསོས་ཁྱིམ་གྱི་སློབ་གསོའི་ཚད་བྱེད་མི་ཐུབ་ལ།ཁྱིམ་གྱི་སློབ་གསོས་སློབ་གྲྭའི་སློབ་གསོའི་ཚབ་བྱེད་མི་ཐུབ་པའི་གནས་ལུགས་ངོ་མར་ངོས་འཛིན་བྱས་པ་ཤིན་ཏུ་མི་འདང་བར་བྱིས་པའི་ཤེས་ནུས་རྩལ་གསུམ་གྱི་རེ་བ་ཡོད་ཚད་སློབ་གྲྭའི་སློབ་གསོ་ཁོ་ནར་བཅོལ་བ་སོགས་ཀྱི་གནད་དོན་མང་པོ་ཡོད་པས།ཚང་མས་བསམ་གཞིགས་དང་གཙིགས་ཆེན་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད།།༼རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1