ཞིང་ཆེན་གྱི་འགོ་ཁྲིད་ཝང་ཏུང་མིང་དང་དབྱི་ལི་གཉིས་ཀྱིས་སི་ཁྲོན་ལ་གཟིགས་ཞིབ་ཏུ་ཕེབས་པའི་ཞང་ཀང་དམིགས་གསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-10


        ཟླ་10བའི་ཚེས་9ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་གཉིས་ཀྱིས་ཁྲེན་ཏུའུ་ནས་སི་ཁྲོན་ལ་གཟིགས་ཞིབ་ཏུ་ཕེབས་པའི་ཞང་ཀང་དམིགས་གསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་།

        ཝང་ཏུང་མིང་གིས་ཞང་ཀང་དམིགས་གསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སོ་སོ་སི་ཁྲོན་ལ་གཟིགས་ཞིབ་ཏུ་ཕེབས་པར་ཁྲིད་སྟོན་གནང་སྟེ། འཐུས་མི་རྣམས་ལ་སྟབས་བདེའི་སྒོ་ནས་སི་ཁྲོན་ཞིང་ཆེན་གྱི་ཉེ་བའི་ལོ་འགའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། བཅོས་བསྒྱུར་ཟབ་སྤེལ། སྒོ་འབྱེད། གསར་སྐྲུན་མཉམ་འགུལ། གཞན་སྒྱུར་རིམ་སྦར་སོགས་ཕྱོགས་ཀྱི་གནས་ཚུལ་སྐོར་ནས་ངོ་སྤྲོད་གནང་བར་མ་ཟད། ཞང་ཀང་སྤྱི་ཚོགས་ཀྱི་ལས་རིགས་ཁམས་སོ་སོའི་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དེ་མིན་ཝུན་ཁྲོན་གྱི་ས་འགུལ་དང་། ལོ་ཧྲན་ས་འགུལ་སྐབས་ཀྱི་གནོད་འགོག་དཀའ་སེལ་དང་གནོད་རྗེས་བསྐྱར་བསྐྲུན་སོགས་ཕྱོགས་ནས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས།

        གཟིགས་ཞིབ་ཚོགས་པའི་འགོ་འཛིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞང་ཀང་གི་ལས་འཛིན་ཁྲིམས་རྩོད་པ་ཆེན་མོ་ཐན་ཧེ་ཀྲུའུ་ཡིས། སི་ཁྲོན་ནི་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྒོ་འབྱེད་ཆེན་མོའི་ས་ཁུལ་གཙོ་གྲས་ཤིག་ཡིན་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པ། ཚན་རྩལ་སློབ་གསོ་དང་མཐོ་གསར་ལག་རྩལ་ཐོན་ལས་དར་ཆེ་བ། བཟོ་སྐྲུན་ལས་རིགས་ཀྱི་རྒྱུ་སྤུས་ལེགས་པ་བཅས་ཡིན་པས། རྒྱལ་ཡོངས་ནང་ཁུལ་དང་ཐ་ན་འཛམ་གླིང་ཡོངས་སུ་འབྲེལ་བ་བྱེད་པའི་འབྲེལ་ཐག་ལྟ་བུ་ཤིག་ཏུ་གྱུར་ཡོད་པ་རེད། ཞང་ཀང་དང་སི་ཁྲོན་གྱི་བར་ཐག་ཅུང་རིང་ཡང་། ས་གནས་གཉིས་ཀྱི་ཚོང་ཟོག་བརྗེ་རེས་དང་རིག་གནས་བགྲོ་གླེང་སོགས་མཉམ་ལས་ཀྱི་འབྲེལ་བ་ཧ་ཅང་ཟབ་པས། རྒྱུད་གཅིག་ལམ་གཅིག་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། ས་གནས་གཉིས་ཀྱི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་ཡིད་ཆེས་ཡོད། ཐེངས་འདིར་ང་ཚོ་སི་ཁྲོན་ཏུ་ཕེབས་དོན་ནི།གཅིག་ནས་གཟིགས་ཞིབ་བྱ་བ་ལེགས་པོར་བསྒྲུབ་ཆེད་དང་། ཕྱོགས་གཞན་ཞིག་ནས་སི་ཁྲོན་འཕེལ་རྒྱས་ཀྱི་མཉམ་མྱོང་ལ་སློབ་སྦྱོང་དང་ས་གནས་གཉིས་ཀྱི་གཉིས་ཕན་མཉམ་ལས་མངོན་འགྱུར་བྱུང་བར་འགོ་གསར་པ་ཞིག་བརྩམས་ཆེད་ཡིན་ཞེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1