༄༅།།མིང་ཀུན་ཏུ་གྲགས་པའི་གནས་རི་པདྨ་འདབ་བརྒྱད།

ཡུལ་ལྷ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་བོད་ཡིག་དྲ་བ། སྤེལ་དུས། 10-28


      

        གནས་རི་པདྨ་འདབ་བརྒྱད་ནི་ཀན་ལྷོ་ཁུལ་བཱ་མཚེར་རྫོང་ཁོངས་ཀྱི་ཤར་བྱང་མཚམས་སུ་ཡོད་ལ། ཅོ་ནེ་དང་ལིན་ཐོ། ཁཱང་ལི། བེ་ཡོན་བཅས་རྫོང་བཞིའི་འབྲེལ་མཚམས་སུ་ཆགས་འདུག་པ་སྟེ། གནའ་བོའི་ཐོ་ཁུལ་གྱི་གནས་རི་མིང་གྲགས་ཅན་ཞིག་ཡིན། རི་བོའི་མཐོ་ཚད་ལ་སྨི་3578ཡོད་ལ། རི་བོའི་དབྱིབས་ནི་མེ་ཏོག་པདྨ་བཞེད་པའི་ཚུལ་དུ་སྣང་བས་གནས་རི་པདྨ་འདབ་བརྒྱད་ཅེས་མིང་བཏགས་པར་གྲགས། གནས་རི་པདྨ་འདབ་བརྒྱད་ཀྱི་མཛེས་ལྗོངས་ཁུལ་ལ་ཤར་ནས་ནུབ་བར་དུ་སྤྱི་ལེ་4དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ་2བཅས་ཡོད། གནས་རི་པདྨ་མ་འདབ་བརྒྱད་དུ་ཡོད་པའི་གདོད་མའི་ནགས་ཚལ་ལ་སྤྱི་ཆིང་1200དང་། རང་བྱུང་མཛེས་ལྗོངས་ཁུལ་ལ་ས་མུའུ་ཁྲི་18བཅས་ཡོད། རི་ཆུ་ནགས་གསུམ་གྱིས་ཕྱུག་པས་འགྲོ་བ་ཀུན་གྱི་ཡིད་སྨོན་འཆོར་སའི་རང་བྱུང་ཁམས་ཆེན་མོ་ཞིག་དང་ཆོས་ཀྱི་ཆོ་ག་སྤེལ་ཡུལ་གྱི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན། གནས་རི་པདྨ་འདབ་བརྒྱད་ལ་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བོ་ལྡན་པ་སྟེ། མདོ་སྨད་ཆོས་འབྱུང་ལས། ཡང་རྒྱ་ནག་ཐང་བང་གི་དུས་རྒྱ་གར་ནས་པཎྜི་ཏ་ལྔ་བརྒྱ་རི་བོ་རྩེ་ལྔར་སྤྱན་དྲངས། དེའི་སྐབས་དགྲ་བཅོམ་ཐོབ་པ་རྣམས་རྫུ་འཕྲུལ་གྱིས་ཏེ་ཐུང་བྲག་དགོན་དུ་ཕེབས་ནས་བཀྲ་ཤིས་གསོ་སྦྱོང་དང་དབྱར་གནས་པ་མཛད་པས་བསྟན་པའི་དབུ་བརྙེས་པར་བཤད་པ་དང་། རྒྱ་ཡུལ་དུ་བསྟན་པ་དར་བའི་ཐོག་མར་འཇམ་དབྱངས་རྣམ་འཕྲུལ་ཨུ་ཝུག་མཉྫུ་ཤྲྀས་འདུལ་མཛད་པའི་གནས་ཀྱང་པདྨའི་རི་བོ་ལེན་ཧྭ་ཤན་དུ་གྲགས་པ་ཡིན་ཐང་རྒྱལ་རབས་ཀྱི་དུས་སུ། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་རི་རྩེ་ནས་འཇམ་དབྱངས་ལྷ་ཁང་བཞེངས་པ་དང་། རྗེས་ཀྱི་ལོ་ངོ་སྟོང་ཕྲག་ལ་ཉེ་བའི་རིང་།རྒྱལ་རབས་རིམ་བྱོན་གྱི་སྐབས་ནས་ལྷ་ཁང་ལ་རིམ་གྱིས་འཛུགས་སྐྲུན་རྒྱ་སྐྱེད་བྱས་ནས་དགེ་ཕྲུག་དག་གིས་སངས་རྒྱས་བསྟན་པར་སློབ་གཉེར་མཛད་སའི་གནས་རི་གལ་ཆེན་ཞིག་ཏུ་གྱུར་ཡོད།།                                                                                                                                                                        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1