ཀྲུང་གོའི་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་བདེ་ཐང་ཕྲེང་སྟར་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 11-01


བོད་རྒྱ་སྐད་གཉིས་ཀྱི་བདེ་ཐང་ཕྲེང་སྟར་དཔེ་ཚོགས།

            ཟླ་10བའི་ཚེས་19ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུང་གོའི་བོད་ཁུལ་གྱི་བདེ་ཐང་ཕྲེང་སྟར་དཔེ་ཚོགས་ཐོག་མ་ཉིན་དེར་པར་སྐྲུན་འགྲེམ་སྤེལ་བྱས་ཟིན་པ་དང་། དཔེ་ཚོགས་དེའི་དམིགས་ཡུལ་ནི་བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་དེང་རབས་སྤྱི་ཚོགས་ཀྱི་བདེ་ཐང་དང་། ལུས་ཁམས་བདེ་སྲུང་། ནད་ཡམས་སྔོན་འགོག་སོགས་ཀྱི་འདུ་ཤེས་གསར་པ་བརྒྱུད་སྒྲོག་བྱེད་པ་དང་། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་བདེ་ཐང་ལ་ངེས་ཤེས་གསར་པ་ཞིག་འཛིན་ཆེད་ཡིན།
            གངས་དབང་སྒྲོལ་མས་སྒྲིག་སྒྱུར་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི《བདེ་ཐང་གི་གོ་དོན་གསར་པ།》ཞེས་པའི་ཕྲེང་སྟར་དཔེ་དེབ་ནང《བདེ་ཐང་གི་གོ་དོན་གསར་པ།》དང་《མ་བུ་བདེ་སྲུང་ཤེས་བྱ།》《མཐོ་སྒང་གི་ནད་རིགས་སྔོན་འགོག་ལག་དེབ།》《ཟས་རིགས་བདེ་འཇགས་དང་མྱུར་སྐྱོབ་འཕྲོད་བསྟེན་ཤེས་བྱ།》《རོང་འབྲོག་ཁུལ་གྱི་རྨང་གཞིའི་སྨན་བཅོས་ཤེས་བྱ་དང་བདེ་ཐང་ལག་དེབ།》སོགས་དཔེ་དེབ་ལྔ་འདུས་ཡོད། སྤྱིའི་ཡིག་འབྲུ་ཁྲི16ལྷག་ཙམ་ཡོད་པ་དང་། པར་འདེབས་བྱེད་རྒྱུར་སྤྲད་པ་ནས་དཔེ་སྐྲུན་བར་དུས་ཡུན་ལོ་གཉིས་འགོར་ཡོད།
ཕྲེང་སྟར་དཔེ་ཚོགས་ལ་གནང་བའི་གཟེངས་རྟགས།
            མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་དེབ་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རིན་བསོད་ལོ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། དཔེ་དེབ་ལྔ་པོ་ལས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པའི་རྒྱུ་རྐྱེན་དང་འགོས་ནད་འགོག་བཅོས། ཕྲུ་གུ་མ་སྐྱེས་གོང་གི་བདེ་ཐང་མཛུབ་ཁྲིད། མཐོ་སྒང་ས་ཁུལ་གྱི་རྒྱུན་མཐོང་ནད་རིགས་དང་དེ་མིན་བོད་ཁུལ་གྱི་བྱི་ནད་དང་ཐུམ་འབུའི་ནད། ཨེ་ཛིའི་འགོས་ནད། ཁྱི་སྨྱོན་གྱི་ནད། འདུས་འདྲིལ་གཅོང་ནད་སོགས་དང་། སྔོན་འགོག་ལ་སོགས་པའི་ཕྱོགས་མང་པོ་ཞིག་གི་ཐད་ནས་རྒྱས་བཤད་བྱས་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་། སྐད་ཆ་མདོར་བསྡུས་ཤིང་ཁ་གསལ་ཡིན་པ། སེར་སྐྱ་མང་ཚོགས་ཀྱི་བློ་དང་འཚམ་ཤིང་། ས་མཐོའི་འཚོ་བ་དང་ཐག་ཉེ་བས་གོ་ཆོད་རང་བཞིན་དང་མཛུབ་སྟོན་རང་བཞིན་ངེས་ཅན་ཞིག་ལྡན། བདེ་ཐང་གནད་དོན་ཉིན་རེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་བྱེད་པའི་ཐུན་མོང་གི་གླེང་གཞི་ཞིག་ཏུ་འགྱུར་བཞིན་ཡོད་ལ། བོད་ཁུལ་ནས་ཀྱང་དེ་བཞིན་ནོ་ཞེས་བསོད་ལོ་ལགས་ཀྱིས་བསྟན་དོན། བདེ་ཐང་གི་ཀྲུང་གོ་བསྐྲུན་དགོས་ན། ངེས་པར་དུ་འཕེལ་རྒྱས་དང་ཤེས་རིག་ལ་འཛིན་པའི་ཤེས་རྟོགས་གང་མགྱོགས་ཀྱིས་བསྒྱུར་དགོས། རྒྱལ་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བྱུང་བ་དང་། དེ་མིན་བདེ་ཐང་གིས་བསྐྱེད་པའི་བདེ་སྐྱིད་ཀྱི་སྣང་བ་འཕར་སྣོན་བྱུང་བ་དེ་ནི་འཕེལ་རྒྱས་ཡིན་ལ་ཤེས་རིག་ཀྱང་ཡིན། དཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་ནི་དགོས་གལ་ཧ་ཅང་ཆེ་བ་ཞིག་ཡིན་ནོ།། 
            བསོད་ལོ་ལགས་ཀྱི་རེ་བར། ཕྲེང་སྟར་དཔེ་དེབ་འདིས་བོད་ཁུལ་གྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཤེས་རྟོགས་ཆུ་ཚད་མཐོར་འདེགས་དང་། ཤེས་རིག་གི་བྱང་ཚད་སྐུལ་འདེད། དེ་མིན་བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་གི་རྒྱུན་མཐོང་ནད་རིགས་འགོག་བཅོས་ལ་ཕན་ཐོགས་ཐུབ་པ་དེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1