༄༅།། སྟག་གཟིག་ནོར་འགྱེད་ལས་གཡང་འབོད་ཚན་བཤུས།

རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གེ་སར་རིག་གནས་དྲ་བ། སྤེལ་དུས། 11-04



        གེ་སར་གྱིས་གཡང་འབོད་ངག་རྟ་དཀར་མོ་དྲུག་འགྱུར་ལ་དྲངས་ནས་གླུ་འདི་ལྟར་གསུངས་སོ། །
ཨོཾ༴ གླུ་ཨ་ལ༴ ཐ་ལ༴ སྐྱབས་བླ་མ༴ ཡི་དམ་ལྷ་ལ་གསོལ༴ རྒྱུད་སྡེ་བཞི་ཡིས་ལམ་སྣ་དྲོངས། །ལྷ་རྒྱལ་བ་རྒྱ་མཚོས་བྱིན༴ སྡིག་ཅན་དམྱལ་བའི་ཡུལ་ནས་འདྲེན། །སྡིག་ཅན་བདེ་ཆེན་ཞིང་ལ་བཀོད། །ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ནམ་མཁའ་མཐིང་གི་གུར་ཁང་ནས། །འཇའ་འོད་འཁྱིལ་བའི་གཞལ་ཡས་ནས། །མི་ལུས་ཁྱུང་གི་མགོ་བོ་ཅན། །ཕྱག་གཡས་ཉི་ཟེར་ཞགས་པ་བསྣམས། །གཡོན་པས་མདུང་དར་ལྷོ་སྤྲིན་འཚུབས། །ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །ཕུ་བོ་དུང་ཆུང་དཀར་པོ་མཁྱེན། །དེ་རིང་སྐྱེས་བུའི་གྲོགས་ལ་ཕེབས། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་བསྩལ་དུ་གསོལ། །བར་སྣང་སྟོང་པའི་གཞལ་ཡས་ནས། །འཇའ་སྤྲིན་འཚུབ་པའི་གུར་ཁང་ནས། །མི་ལུས་སྟག་གི་མགོ་བོ་ཅན། །ཕྱག་གཡས་མཉམ་བཞག་འཕྲུལ་ཆེན་བསྣམས། །གཡོན་པས་མདུང་དར་ལྷོ་སྤྲིན་འཚུབས། །གཉན་དམག་བྱེ་བ་འབུམ་གྱིས་བསྐོར། །དགྲ་ལྷའི་མེ་སྟག་དམར་པོ་མཁྱེན། །དེ་རིང་སྐྱེས༴ སྟག་གཟིག་གཡང༴ གཡང་གི་དངོས༴ རྒྱ་མཚོ་ནོར་བུའི་མཁར་ནང་ནས། །ཀླུ་དམག་བྱེ་བ་དུང་ཕྱུར་མཁྱེན། །ནུ་བོ་ཀླུ་ཕྲུག་འོད་ལྡན་མཁྱེན། །དེ་རིང་སྐྱེས༴ སྟག་གཟིག་གཡང༴ གཡང་གི་དངོས༴ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །རྨ་བྱ་པད་ཟླའི་གདན་སྟེང་ནས། །བཅོམ་ལྡན་ཆོས་སྐུ་འོད་དཔག་མེད། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་བཞུགས། །ཐུགས་རྗེ་འགྲོ་ལ་རྟག་ཏུ་གཟིགས། །སངས་རྒྱས་སྟོང་གི་འཁོར་གྱིས་བསྐོར། །དེ་རིང་སྐྱེས༴ སྟག་གཟིག་གཡང༴ གཡང་གི་དངོས་གྲུབ༴ པདྨ་དབང་གི་གཞལ་ཡས་ནས། །མ་ཆགས་པདྨའི་གདན་སྟེང་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་མཉམ་གཞག་མཛད། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཚེ་ལྷ་རྒྱལ་བ་རིགས་ལྔས་བསྐོར། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །དེ་རིང་སྐྱེས་བུ༴ སྟག་གཟིག་གཡང༴ གཡང་གི་དངོས་གྲུབ༴ ཟངས་མདོག་དཔལ་རིའི་རྩེ་མོ་ནས། །པདྨ་འོད་ཀྱི་གཞལ་ཡས་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི། །རལ་བའི་ཐོར་ཅོག་སྐུ་རྒྱབ་ཁེབས། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཀ་པཱ་ལ། །རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ། །རིག་འཛིན་མཁའ་འགྲོའི་འཁོར་གྱིས་བསྐོར། །དེ་རིང་སྐྱེས་བུ༴ སྟག་གཟིག་གཡང༴ གཡང་གི༴ རི་བོ་ཏཱ་ལའི་ཞིང་ཁམས་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་། །ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ། །ཕྱག་གཡས་ཤེལ་དཀར་ཕྲེང་བ་འཛིན། །གཡོན་པས་ནོར་བུ་པདྨ་བསྣམས། །ས་བཅུའི་བྱང་སེམས་འཁོར་གྱིས་བསྐོར། །དེ་རིང་སྐྱེས༴ སྟག་གཟིག་གཡང༴ གཡང་གི་དངོས༴ སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ནས། །ལྷ་ཆེན་ཚངས་པ་དཀར་པོ་དང་། །ལྷ་དབང་བརྒྱ་བྱིན་ལྷ་མིན་བརྒྱད། །ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །དེ་རིང་སྐྱེས༴ སྟག་གཟིག༴ གཡང་གི་དངོས༴ བར་མ་མཉན་གྱི་ཡུལ་ཁམས་ནས། །སྲིད་པའི་ལྷ་རབས་མཆེད་དགུ་མཁྱེན། །བོད་ཀྱི་མགུལ་ལྷ་བཅུ་གསུམ༴ གཙང་རིས་དཔལ་མགོན་དམག་ཚོགས་མཁྱེན། །དེ་རིང་སྐྱེས༴ སྟག་གཟིག༴ གཡང་གི་དངོས༴ གཡང་འདི་མི་ལ་མ་ཤོར་ཅིག །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གཡང་ཁུག་ནང་དུ་སྤུངས་སེ་སྤུང་། །གཡང་ཁྱིམ་ནང་དུ་ཀྱི་ལི་ལི། །གཡང་སྒམ་ནང་དུ་འཚུབས་སེ་འཚུབ། །སྟག་གཟིག་གཡང་གི་དངོས་གྲུབ་སྩོལ། །ཉི་མ་ཙམ་ཞིག་ཀྱི་ལི་ལི། །ཟླ་བ་ཙམ་ཞིག་སྒ་ར་ར། །སྐར་མ་ཙམ་ཞིག་སྤུངས་སེ་སྤུང་། །ནོར་བུ་གཡང་གི་དངོས་གྲུབ་རྣམས། །གཡང་འདི་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར༴ གཡང་འདི་ཕྱི་ལ་མ་འགྲོ་ཞིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནོར་བུའི་གཡང་གི་བཀའ་གཏད་ན། །རྟ་གཡང་ཟླ་བ་མགོ་གསུམ་དང་། །ནོར་གཡང་ཨརྱ་ཛཾ་བྷ་ལ། །ལུག་གཡང་གང་བ་བཟང་པོ་སོགས། །ཚོང་གཡང་འགུགས་པའི་ལྕགས་ཀྱུ་དང་། །གསེར་གཡང་དགའ་བ་ཡར་འཁྱིལ་དང་། །འབྲུ་གཡང་ཁྱུང་གི་སྒོ་ང་ཙམ། །རྒྱུ་གཡང་འཛམ་དཀར་འཛམ་ནག་དང་། །ཟས་གཡང་ཕུན་སུམ་ཚོགས་པ་སོགས། །དེ་རིང་འདི་རུ་གཡང་ལ་འདུས། །གཡང་གི་དངོས་གྲུབ་ཆར་ལྟར་ཕོབས། །གཡང་སྐྱབས་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར༴ གཡང་འདི་ཕྱི༴ ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དངོས་གྲུབ་གཡང་གི་ར་བ་ལ། །སྟག་གཟིག་རྒྱལ་པོའི་ནོར་གཡང་དང་། །བལ་པོ་རྒྱལ་བོའི་ལུག༴ སོག་པོ་རྒྱལ་པོའི་རྟ༴ ཨ་གྲགས་རྒྱལ་པོའི་གཟི༴ བྱེ་རི་རྒྱལ་པོའི་བྱུར༴ གྲུ་གུ་རྒྱལ་པོའི་གོ༴ མི་ནུབ་རྒྱལ་པོའི་དར༴ རྒྱ་གར་རྒྱལ་པོའི་ཆོས༴ རྒྱ་ནག་རྒྱལ་པོའི་ཇ་གཡང༴ འཛམ་བུ་གླིང་གི་རྒྱུ་གཡང་རྣམས། །དེ་རིང་འདི་རུ་གཡང་ལ་འདུས། །གཡང་གི་དངོས་གྲུབ་བསྩལ་དུ་གསོལ། །གཡང་གི་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་རྒྱབ་མ་འགྲིམས་ཤིག །ཨྱོན་པདྨ་འབྱུང་གནས་དང་། །བོད་སྐྱོང་བསྟན་མ་བཅུ་གཉིས་དང་། །བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་བདག་ཨརྱ་ཛཾ་བྷ་ལ། །ཕྱུགས་བདག་ལྷ་མོ་ནོར་རྒྱུན་མ། །རྟ་བདག་འཕགས་པ་རེ་མན་ཏ། །ལུག་བདག་ནོར་བུ་བཟང་པོ་སོགས། །ཁྲ་མོ་ནོར་ལྷའི་འཁོར་གྱིས་བསྐོར། །དེ་རིང་སྐྱེས༴ སྟག་གཟིག་གཡང༴ གཡང་གི་དངོས་གྲུབ༴ གཡང་སྐྱབས་ཚེ་གཡང་འཕེལ་བར་ཤོག །གཡང་གཏད་གེ༴ གཡང་འདི་ཕྱི་ལ་མ་འགྲོ་ཞིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འཛམ་གླིང་ས་ཡི་ལྟེ་བ་ལ། །རྨ་རྒྱལ་སྤོམ་ར་གཉན་པོ་བཞུགས། །རྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར། །ཐུགས་དཀར་ཡིད་བཞིན་ནོར་བུ་འཛིན། །དངོས་གྲུབ་སྣ་ཚོགས་ཆར་བཞིན་འབེབས། །སྦོམ་རའི་དངོས་གྲུབ་གཏེར་ཁ་རྒྱས། །མདོ་ཁམས་བོད་ཀྱི་སྲུང་མ་ཁྱེད། །རྨ་གཡང་འབྲུ་ཡི་དངོས་གྲུབ་ཡིན། །རྨ་གཡང་ཟོག་གི་སྲོག་གི་ཤིང་། །རྨ་གཡང་རྟ་ཡི་སྐྱེས་ལྷ༴ རྨ་རྒྱལ་མི་ཡི་དགྲ་བླ༴ དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས༴ གཡང་གི༴ གཡང་སྐྱབས༴ གཡང་གཏད༴ གཡང་འདི༴ མཁས་པའི་ཕོ་ཐོག་ཆོས་ཀྱི་གཡང་། །དེ་རིང་འདི་རུ་གཡང༴ གཡང་སྐྱབས་ཆོས་གཡང་འཕེལ་བར་ཤོག །གཡང་གཏད༴ གཡང་འདི༴ མཐོན་པོའི་གོང་ནས་དཔོན་གྱི་གཡང་། །དེ་རིང་འདི་རུ༴ དཔའ་བོའི་དཔའ་རྒོད་འཛོམས་པའི༴ དེ་རིང༴ མཛེས་ཤིང་བདེ་འཇམ་གོས་ཀྱི༴ དེ་རིང་འདི༴ ཞིམ་མངར་འཛོམས་པ་ཟས་ཀྱི༴ དེ་རིང༴ མཛེས་རྒྱན་ཆར་འབེབས་མ་སྲུ༴ དེ་རིང༴ འགྲོ་ཞིང་བགྲོད་པ་རྟ༴ དེ་རིང༴ འོ་མའི་ཆར་འབེབས་འབྲི་ཡི༴ དེ་རིང༴ ཐུན་གསུམ་སྐད་སྙན་ཁྱི༴ དེ་རིང༴ བཀྲ་ཤིས་རྫས་བརྒྱད་རྫས་ཀྱི༴ དེ་རིང༴ བཀྲ་ཤིས་རྟགས་བརྒྱད་སྣ་ཚོགས༴ དེ་རིང་འདི་རུ༴ ཕྱུག་པོའི་བང་མཛོད༴ དེ་རིང༴ ནོར་བུའི་གཡང་དེ་བདག་ལ་སྩོལ། །སྒང་པ་བོད་ལ་ཆར་བཞིན་ཕོབས། །དངོས་གྲུབ་བོད་ལ་བདེ་སྐྱིད་འཛོམས། །ལས་དང་བསོད་ནམས་གོང་དུ་མཐོ། །བཀྲ་ཤིས་གཡང་གི་སྒོ་བདམས་ནས། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །ཤར་ཕྱོགས་གཡང་གི་སྲུང་མ་མཛོད། །ལྷོ་ཡི་བསྟན་མ་བཅུ་གཉིས་ཀྱིས། །ལྷོ་ཕྱོགས་གཡང༴ ནུབ་ཕྱོགས་རྒྱལ་པོའི་བསོད་ནམས་སྟོབས། །ནུབ་ཕྱོགས༴ བྱང་ཕྱོགས་ལྷ་མོ་ནོར་རྒྱུན་མ། །བྱང་ཕྱོགས་གཡང༴ དཀྱིལ་འཁོར་བཀྲ་ཤིས་རྟགས་བརྒྱད་ཀྱི། །ནོར་བུའི་གཡང་རྣམས་སྤུངས་སེ་སྤུང་། །གཡང་འདི་ལ་གཡོ་འཁྲུགས་མེད་པར་ཤོག །རི་རྒྱལ་བཞིན་དུ་བརྟན་པར་ཤོག །གཡང་འདི་རྒྱུན་ཆད་མེད་པར་ཤོག །གཡང་འདི་ལོ་འདབ་རྒྱས་པ་བཞིན། །དཀོན་མཆོག་གསུམ་གྱི་བདེན་ཚིག་དང་། །སངས་རྒྱས་བྱང་སེམས་བྱིན་རླབས་ཀྱིས། །གཡང་འདི་ཆག་ཉམས་མེད་པར་ཤོག །རྒྱ་མཚོ་བཞིན་དུ་ཆི་ལི་ལི། །མི་ལ་གཡང་གི་དངོས་གྲུབ་སྩོལ། །འཛམ་གླིང་གཡང་གི་བཀའ་གཏད་འདི། །ཅི་འདོད་ཅི་བསམ་འགྲུབ་པར་ཤོག །ཅེས་གསུངས་ཤིང་གཡང་འབོད་གཡང་སྒྲུབ་དང་གཡང་སྒྲོམ་རྣམས་ཁ་བསྡམས་ནས་ཚར་དང་དད་སྤྲོ་ཆེ་བར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1