བོད་ལྗོངས་སློབ་ཆེན་གྱིས་བོད་ཡིག་མཉེན་ཆས་གསར་པ་ཞིག་བཏོན་འདུག

བསོད་ནམས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉོ་གཞོན་དྲ་བ། སྤེལ་དུས། 11-04


        སྤྱི་ཟླ་11ཚེས་3ཉིན། བོད་ལྗོངས་སློབ་ཆེན་གྱིས་སྐད་བརྡ་དང་། ལག་བྲིས། སྦྱོར་བྲིས་བཅས་གནས་གསུམ་གཞི་གཅིག་ཏུ་བསྡུས་པའི་བོད་ཡིག་ནང་འཇུག་མཉེན་ཆས་དང་པོ་བཏོན མཉེན་ཆས་དེ་ནི་སྦྲང་ཚང་ནང་འཇུག་རྣམ་པའི་ནུས་པ་ཀུན་བསྡུས་ཀྱི་བོད་སྐད་མཉེན་ཆས་དང་པོ་ཡིན་པ་དེས་བོད་སྐད་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆར་ཁ་གསབ་བྱས་ཡོད།  
        ཤེས་རྟོགས་བྱུང་བ་ལྟར་ན།  མཉེན་ཆས་དེས་རིག་ནུས་ཀྱི་སྤྲིན་ཚོགས་སྟེགས་བུ་གཞིར་བཟུང་ཞིང་། སྐད་བརྡ་དང་། ལག་བྲིས། སྦྱོར་བྲིས་བཅས་གསུམ་གཞི་གཅིག་ཏུ་བསྡུས་ཁར། བོད་སྐད་ཀྱི་སྐད་བརྡའི་དབྱེ་འབྱེད་ལག་རྩལ་དང་བོད་ཡིག་ལག་བྲིས་དབྱེ་འབྱེད་ལག་རྩལ་གྱི་གྲུབ་འབྲས་ཀྱང་འདུས་ཡོད་པས་སྤྱོད་མཁན་ཚོར་སྤྱོད་སྟབས་བདེ་ཞིང་གནད་ལ་འཁེལ་བའི་མཉེན་ཆས་ཤིག་མཁོ་འདོན་བྱས་ཡོད་པ་རེད། 
        འགྲེམས་བསྒྲགས་ཚོགས་འདུའི་ཐོག བོད་ལྗོངས་སློབ་ཆེན་གྱི་སློབ་མ་དོན་གྲུབ་ཀྱིས་སྐད་བརྡ་དང་ལག་བྲིས་འཁྱུག་ཡིག་གཏག་སྟངས་རིམ་བཞིན་བསྟན། མཉེན་ཆས་དེས་དབྱེ་འབྱེད་བྱས་པ་བརྒྱུད་གནད་ལ་འཁེལ་ལ་མྱུར་ཚད་མགྱོགས་པོས་དབུ་ཅན་གསལ་བ་དང་གནད་ལ་འཁེལ་ཚད་97%ཟིན།
        བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བློ་བཟང་སྐལ་ལྡན་གྱིས“སྐད་བརྡ་དང་ལག་བྲིས་ཕན་ཚུན་བརྗེ་རེས་ཐུབ་པའི་བོད་ཡིག་བཏག་ཐབས་དེ་སྔོན་མའི་སྦྱོར་བྲིས་ཀྱི་ཡི་གེ་རྒྱག་སྟངས་དང་མི་འདྲ་བར། རྒྱུན་དུ་བོད་ཡིག་བཏག་མཁན་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད”ཅེས་གསུངས། 
        ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་1997ལོར《ཆ་འཕྲིན་ལག་རྩལ། ----ཆ་འཕྲིན་བརྗེ་རེས་ཀྱི་བོད་ཡིག་ཨང་སྒྲིག་ཡིག་རྟགས་བསྡུས་མ་དང་གཞི་རྩའི་བསྡུས་མ།》ཞེས་པའི་རྒྱལ་སྤྱིའི་ཚད་གཞི་ཞིབ་བཟོ་བྱས་པ་དེས་བོད་ཡིག་དེ་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡའི་ནང་ནས་རྒྱལ་སྤྱིའི་ཨང་སྒྲིག་ཚད་ལྡན་སྐད་དང་ཡི་གེ་དང་པོར་གྱུར་པ་རེད། དེ་རྗེས་ཁོང་ཚོས་སླར་ཡང་ལས་སྟེགས་ལས་བརྒལ་བའི་བོད་ཡིག་བཏག་སྟངས་མ་ལག་དང་། བོད་ཡིག་གི་དབྱེ་འབྱེད་མ་ལག བོད་ཡིག་གི་Officeགཞུང་དོན་མཉེན་ཆས་ཆ་ཚང་སོགས་ཚད་གཞི་དང་མཐུན་པ་དང་། ལག་རྩལ་བསྡུས་ཚད་མཐོ་བ། སྤྱོད་གོ་ཆོད་པ་བཅས་ཀྱིས་བོད་ཡིག་ཐག་གཅོད་ལག་རྩལ་གྱི་ཐོན་རྫས་དང་བཀོལ་སྤྱོད་མ་ལག་ཁག་གཅིག་ཞིབ་བཟོ་བྱས་པ་རེད།  །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1