༄༅།། རྩོམ་རིག་གི་ཟུར་སྣེ་ལས་འཕྲོས་ཏེ་མྱང་ཚ་དཀར་རྒྱན་གྱི་སྣང་བརྙན་ལ་དཔྱད་པ།

ཚེ་རིང་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-11



        རྣམ་མགུར་ལས། ངེད་མ་བུ་གསུམ་ལ་ནོར་དབང་རྒྱུ་མེད་པའི་ཁར། དབྱར་ཞིང་ལས་བྱེད་དུས་ཨ་ཁུའི་གཡོག དགུན་བལ་ལས་བྱེད་དུས་ཨ་ནེའི་གཡོག ལྟོ་ཁྱིའི་ལྟོ་ལ་ལས་བོང་བུའི་ལས། གོས་ཧྲུལ་ཐག་ཆོད་པ་ལ་གྲེས་མའི་སྐེ་རགས་བཅིངས་པ་གྱོན་ནས། ལས་དལ་མེད་བྱེད་དགོས་བྱུང་བས་ཡན་ལག་རྣམས་སེར་ཁར་སོང་། ལྟོ་གོས་ངན་པའི་སྟོབས་ཀྱིས་ཁ་མདོག་སྐྱ་ལ་ཤ་རིད་པ། སྐྲ་དང་པོ་གསེར་གཡུའི་རལ་པ་ཉིལ་ལེ་བ་ལ། ཕྱིས་སྐྱ་བོ་བསེང་བསེང་ཤིག་སྲོའི་རལ་པ་ཉིལ་ལེ་བ་བྱུང་བས། མཐོང་བ་དང་ཐོས་པའི་མི་སེམས་ཆུང་ཀུན་མཆི་མ་འཆོར་བ་དང་། ཨ་ཁུ་དང་ཨ་ནེ་ལ་ལྐོག་ལབ་དིར་རེ་བ་བྱུང་རུང་འཛེམ་མེད་བྱས། ཞེས་པ་ལས་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲི་བྱས་ཤིང་། དེ་ལས་མ་མྱང་ཚ་དཀར་རྒྱན་ལ་ཨ་ཁུ་དང་ཨ་ནེས་རང་དབང་དང་བྲལ་བའི་སྒོ་ནས་དབྱར་དགུན་གཉིས་སུ་ཨ་ཁུ་དང་ཨ་ནེ་གཉིས་ཀྱི་དགོས་མཁོ་དང་བསྟུན་ནས་ངལ་རྩོལ་དལ་མེད་བྱེད་དུ་བཅུག་པ་ལས་མྱང་ཚ་དཀར་རྒྱན་སོགས་ལས་ཞོར་དུ་གསོ་བའི་རྣམ་པ་བསྟན་ཡོད། མི་ལའི་རྣམ་མགུར་ལས། དེ་ནས་ང་ལོ་བཅོ་ལྔ་ཙམ་ལོན་པའི་ཚེ། ཨ་མས་ཞིང་བྲེ་པེ་བསྟན་ཆུང་གི་འབྲུ་རིགས་ལྐོག་གསོག་བྱས་པ་དག་སྤྱད་ནས་ཤ་ཆང་སོགས་གང་རྒྱས་ཀྱི་སྟོན་མོ་བཤམས་ཏེ། ཡབ་གྲོངས་ཁར་ཞལ་ཆེམས་སུ་ཡོད་པའི་མི་དག་གདན་འདྲེན་ཞིང་ཨ་མ་གྲལ་གྱི་དབུས་སུ་ལངས་ཏེ། འོ་ལགས་སོ། བུ་སྐྱེས་པ་ལ་མིང་། ཆང་དྲངས་པ་ལ་གཏམ་བྱ་བར་གདའ་བས། ང་ཡང་གཏམ་ཚིག་གསུམ་པ་ཞིག་གཏོང་བ་ལགས་པས། ཡབ་མི་ལ་ཤེས་རབ་རྒྱལ་མཚན་སྐུ་ཐིམ་ཁར་ཞལ་ཆེམས་གསུངས་པ་རྒྱུས་ཡོད་ཀྱི་མི་བགྲེས་པ་ཨ་ཁུ་དང་ཨ་ནེས་གཙོ་མཛད། འདིར་བཞུགས་ཀྱི་གྲལ་པ་རྣམས་སྙན་གསན་པར་ཞུ་ཞེས་བརྗོད་ནས། ཞང་པོས་ཡབ་ཀྱི་ཞལ་ཆེམས་ཀྱི་ཡི་གེ་བཀླགས་པའི་མཐར། ཨ་མས་ཡི་གེ་འདིའི་དོན་གསུང་ངག་དང་བཅས་པ་འདིར་བཞུགས་ཀྱི་བགྲེས་པ་ཀུན་གྱི་ཐུགས་ལ་གསལ་བས་རྒྱས་པར་ཞུ་མི་དགོས་པར་གདའ། དོན་དྲིལ་བ་ལ་སྔར་ཕན་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་ངེད་མ་སྨད་གསུམ་ལ་མགོ་འདོན་ཡང་དག་མཛད་པ་ཐུགས་ལ་བཏགས། ད་ང་རང་གི་བུ་དང་། མཛེས་སེ་གཉིས་ཀས་ཁྱིམ་སོ་ཟིན་པར་འདུག་པས། ངེད་རང་གི་བུ་དང་། མཛེས་སེ་ཡང་མནའ་མར་བསུས་ནས་ཡབ་ཀྱི་ཞལ་ཆེམས་བཞིན་ཕ་ཤུལ་བུས་འཛིན་དུ་འཇུག་པར་ཞུ་བྱས་པས། ཞེས་པའི་བར་མྱང་ཚ་དཀར་རྒྱན་གྱི་བྱ་བྱེད་དང་སྐད་ཆ་ཞིབ་འབྲི་བྱས་ཤིང་ཞིང་བྲེ་པེ་བསྟན་ཆུང་གི་འབྲུ་རིགས་ལྐོག་གསོག་བྱས་པ་ལས་ཨ་མའི་འདུན་པ་བརྟན་པོར་བཅངས་ཤིང་ལས་ཀར་འཆར་གཞི་ཡོད་པ་མཚོན་པ་དང་། མྱང་ཚ་དཀར་རྒྱན་ནི་བྱ་བ་བཀོད་སྒྲིག་བྱེད་པར་ནང་བྱན་ཆུད་པའི་བཀོད་འདོམས་པ་ལྟ་བུ་ཞིག་ཡིན་ཏེ། འབྲུ་རིགས་ལྐོག་གསོག་གིས་ཤ་ཆང་སོགས་བརྗེས་ནས་སྟོན་མོ་བཤམས་ཤིང་ཡབ་འདས་ཁར་གནས་ཚུལ་རྒྱུས་ཡོད་ཀྱི་མི་རྣམས་གདན་དྲངས་ཤིང་གྲལ་ཡང་རིམ་པ་ལྟར་འདུག་ཏུ་བཅུག་པ་སོགས་བཀོད་སྒྲིག་འཕྱུགས་པ་མེད་པར་བྱས་ཡོད་པ་ལས་ཤེས་པ་དང་། ཕུལ་བྱུང་གི་ལེ་ཚན་གཙོ་སྐྱོང་བ་ཞིག་དང་འདྲ་བར་སྐབས་དེའི་འདུ་འཛོམས་བྱེད་པའི་དམིགས་ཡུལ་ཇི་མ་ཇི་བཞིན་དུ་གོ་རིམ་ལྡན་ཞིང་འཕྱུགས་པ་མེད་ལ་སྙིང་སྟོབས་ཆེས་ཆེར་ལྡན་པ་ནི་གཏམ་སྨྲ་བའི་གདེང་མཐོ་བ་སྟེ། གྲལ་གྱི་དབུས་སུ་ལངས་ནས་འགྱུར་ཁུག་ལྡན་པའི་སྒོ་ནས་འོ་ལགས་སོ། ཞེས་པ་ནས་མ་རྫོགས་བར་གྱི་སྐད་བརྡའི་ལམ་ནས་ཤེས་ཐུབ། ལྷག་ཏུ་བདེན་རྫུན་དབྱེ་འབྱེད་ཀྱི་ལུགས་མཐུན་ཁྲིམས་ར་ཞིག་ཡིན་ན། དཔང་མི་དང་དངོས་དཔང་བཅས་པ་གྲབས་ཚགས་ཚུད་པར་བྱེད་པ་ནི་གནད་དོན་ལ་ཅི་འདྲའི་ཞིབ་ཆ་ཐོན་ཡོད་པ་གསལ་བས་བདེན་པར་རྒྱལ་ཁ་ཅི་ཕྱིར་མི་ཐོབ་སྟེ་ཐོབ་ངེས་པའི་ཚུལ་དུ་འདུག་ཀྱང་། མྱང་ཚ་དཀར་རྒྱན་ལ་བདེན་པ་ཐོབ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ཨ་ཁུ་དང་ཨ་ནེས་བཅར་བརྡུངས་བྱས་ཞིང་། མི་ལའི་རྣམ་མགུར་ལས། དེའི་ཚེ་མྱང་ཚ་དཀར་རྒྱན་ནི། ཡབ་མི་ལ་ཤེས་རབ་རྒྱལ་མཚན་ངེད་མ་སྨད་ཀྱི་ལས་བསྐོས་ལ་གཟིགས་དང་ང་ཤི་དུར་ཁུང་ནས་བལྟའོ། གསུངས་པ་དེ་ད་གཟིགས་པའི་དུས་ལ་བབ་གདའོ་ཟེར། ངུ་ཞིང་འགྱེལ་ནས་འགྲེ་ལོག་ལོག་བྱེད་ཅིང་འདུག ངེདམིང་སྲིང་གཉིས་ཀྱིས་ནི་ར་མདའ་ངུ་བ་མིན་པ་མ་བྱུང། ཞེས་པ་ལས་མྱང་ཚ་དཀར་རྒྱན་གྱི་སྐད་ཆའི་གདངས་ལས་ཡབ་མི་ལ་ཤེས་རབ་རྒྱལ་མཚན་འདས་ཁའི་ཞལ་ཆེམས་ར་སྤྲོད་ཆེད་སླར་གསོན་པོར་འགྱུར་ན་འདོད་པའི་ཞེ་སྡང་གི་རྣམ་པ་མཚོན་ལ། ངུ་ཞིང་འགྱེལ་ནས་འགྲེ་ལོག་ལོག་བྱེད་པ་ལས་སྙིང་ཁོང་གི་ན་ཟུག་ལྗིད་མོ་ཡོད་པ་མཚོན་པ་ཡིན་ཡང་ཁྲིམས་མེད་ལུགས་མེད་ཀྱི་སྤྱི་ཚོགས་འདི་ལྟ་བུར་མཚོན་ན་དབང་ཤེད་ཀྱིས་གཉོམ་ཆུང་ནུས་མེད་ལ་རྒྱལ་ཁ་སྦྱིན་པའི་སྐབས་མ་ཡིན་པས་ཁོང་གི་རེ་བ་བསྒྲུབ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ། ཉེས་བརྡུངས་དང་བློ་ཚིམས་བྱས་པ་ལས་ངར་ལྕགས་དམར་ལྷང་ངེ་བ་ལ་ཆུ་གྲང་མོ་བླུགས་པ་དང་འདྲ་བར་སྣང་ངོར་མེ་དམར་ལྷང་ངེ་བ་དེ་མེད་པར་འགྱུར་ན་ཡང་ལྕགས་ལ་ངར་ཁ་དེ་བས་ཇེ་ཆེར་སོང་བ་ལྟར། མྱང་ཚ་དཀར་རྒྱན་གྱི་ཁོང་ན་ལྡོག་མེད་ཀྱི་སྙིང་སྟོབས་རྒྱས་པའི་གྲོགས་སུ་འགྱུར་རོ། །

        མི་ལའི་རྣམ་མགུར་ལས། མི་ལ་གླུ་ལེན་བཞིན་ཡོང་བའི་སྐབས། ཨ་མ་ནང་ན་ཡོས་རྔོད་ནས་ཡོད་པས་ཐོས་ནས། ཅི་ཟེར་སྐད་འདི་ནི་ངའི་བུའི་སྐད་འདྲ། ངེད་མ་སྨད་བས་སྡུག་པ་ནི་ས་ཐོག་ན་མེད་པས་ཁོ་ནི་གླུ་ལེན་མི་ཐང་སྙམ་ནས་ཡིད་མ་ཆེས་པར་བལྟས་པས། ང་ཡིན་པར་ཤེས་ནས་ཧ་ལས་ཏེ། སྐམ་པ་གཡས་སུ་བོར། ཡོས་དཀྲུགས་གཡོན་དུ་བོར། ཡོས་རྔོད་འཕྲོ་ཚིག་ཏུ་བཅུག ལག་པ་གཡས་སུ་ཡོག་པ་ཞིག་ཁྱེར། གཡོན་དུ་ཐལ་བ་སྤར་གང་ཁྱེར། སྐས་རིང་བ་ལས་བབས། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་བྱུང་སྟེ། ཐལ་བ་དེ་གདོང་ལ་བཏབ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ་ནས། ངེད་མ་སྨད་ཀྱི་ལས་བསྐོས་ལ་གཟིགས་དང་ཟེར་ཨ་མ་ཡུད་ཅིག་བརྒྱལ་ནས་འགྱེལ། ཞེས་པའི་དུམ་བུ་དེའི་ནང་དུ་ཨ་མའི་སེམས་ཁམས་དང་སྦྱོར་བ་ཞིབ་འབྲི་བྱས་ཤིང་། ཨ་མ་ཁོང་ཁྲོའི་མེ་ལྕེ་འབར་བའི་དུས་དེ་ན་མི་ལ་རས་པའི་ཤིང་བཤགས་བསྣན་པར་ལྷག་ཏུ་འབར་ཏེ། སྐབས་དེ་དང་དུས་དེ་ཡི་ཚེ་ན་མི་ལ་མའི་གཉེན་པོ་ལྟ་བུར་འགྱུར་ནས་ནུས་ཤུགས་ཅི་ཡོད་ཀྱིས་ཞེ་སྡང་གི་དགྲ་བོ་འདུལ་བར་བྱས་ན་ཡང་། དེ་ནི་རང་གི་གཅེས་པར་འོས་པའི་བུ་ཕྲུག་ཡིན་པར་དྲན་གསོས་པའི་ཚེ་ན་སྙིང་རྗེའི་བློ་ཡིས་སྐུལ་ནས་རང་ཉིད་རང་དབང་མེད་པར་བརྒྱལ་བའི་གནས་སྐབས་བསྟན་པ་ལས། དུས་འགྱངས་ཕྲ་མོ་ཙམ་ཡང་བྱེད་མི་འདོད་པར་ཨ་ཁུ་དང་ཨ་ནེའི་དགྲ་ཤ་ལེན་འདོད་པའི་བསམ་པ་མཚོན་པ་ནི། རྣམ་མགུར་ལས། ཨ་མས་མཐུ་སློབ་པའི་ཆ་རྐྱེན་དུ་ཞིང་བྲེ་པེ་སྟན་ཆུང་གི་ཕྱེད་བཙོངས་པའི་རིན་ལ་གཡུ་སྐར་ཆེན་འོད་འཕྲོ་བྱ་བ་ཞིག་དང་། རྟ་དཀར་སེང་གེ་སྲབ་མེད་བྱ་བ་ཡུལ་ན་དགའ་བ་ཞིག་དང་། ང་གུང་ཐང་གི་ལྷུན་གྲུབ་མགྲོན་ཁང་བྱ་བར་ཞག་འགའ་བསྡད་ནས་ལམ་གྲོགས་བཙལ་བས་མངའ་རིས་དོལ་ནས་ཡིན་ཟེར་བའི་གཅེས་ཕྲུག་ལྔ་དབུས་གཙང་གི་ཕྱོགས་ལ་ཆོས་དང་མཐུ་སློབ་ཏུ་འགྲོ་བ་ཡིན་ཟེར་སླེབས་བྱུང་བ་ལ། ང་ཡང་མཐུ་སློབ་ཏུ་འགྲོ་བས་རང་རེ་རྣམས་སྡེབ་འགྲོ་བྱས་པས། རུང་ཟེར་བ་དང་། གུང་ཐང་སྨད་དུ་ཁྲིད་ཕྱིན་ནས་ཞག་ཤས་ངེད་ཀྱིས་ཞབས་ཏོག་བྱས།

        ཨ་མ་ཐག་རིང་གི་བར་དུ་སྐྱེལ་དུ་ཕྱིན་པའི་ལམ་བར་ནས། མ་གཅིག་དང་བུ་གཅིག་འབྲལ་མ་ཕོད་པར་ཨ་མས་ངའི་ལག་པ་ནས་བཟུང་སྟེ་བཅང་བཅང་བྱས་ཤིང་གདོང་མཆི་མས་གང་བའི་ངུ་ངག་གིས་བུ་འུ་ཅག་མ་སྨད་ཀྱི་ལས་བསྐོས་ལ་ལྟོས་ལ། ཡུལ་དུ་མཐུའི་རྟགས་ཐོན་པ་ཞིག་ཅིས་ཀྱང་གྱིས་ཤོག་ཅིག ཁོ་ཚོའི་མཐུ་དང་འུ་ཅག་གི་མཐུ་མི་འདྲའོ། ། ཁོང་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུག འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག་ཅིག གལ་ཏེ་བུ་ཁྱོད་ཀྱིས་ཡུལ་དུ་མཐུའི་རྟགས་མ་ཐོན་པར་ལོག་བྱུང་ན། ང་མ་རྒན་མོ་ཁྱོད་རང་གི་མདུན་དུ་ལྕེབས་ནས་ཤི་སྡོད་དོ་ཟེར། དམ་བཅའ་བསྒོས་ནས་ངེད་མ་སྨད་སོ་སོར་གྱེས་པ་ལས། ང་ཨ་མ་ལ་སེམས་འཕྲེང་དྲགས་ཏེ། ཡང་ཡང་ཕྱི་མིག་ལྟ་བ་དང་མཆི་མ་མང་པོ་ཤོར། ཨ་མ་ཡང་བུ་གཅིག་པོ་ལ་སེམས་འཕྲེང་བས། ངེད་རྣམས་མཐོང་མཐོང་གི་བར་དུ་ང་ལ་མིག་ཅེ་རེ་ངུ་ཞིང་བསྡད་འདུག མ་མྱང་ཚ་དཀར་རྒྱན་དགྲ་ཕྱོགས་སུ་ཞེ་སྡང་ཇི་ལྟར་ཆེ་ན་ཡང་རང་གི་དགའ་ཕྱོགས་སུ་འགྱུར་བའི་བུ་ལ་ལྷག་ཏུ་བརྩེ་བའི་འདུ་ཤེས་མངོན་པར་གསལ་ཡོད་པ་མཚོན་ཡོད་པ་དང་སྡང་དགྲ་བོ་བརྟུལ་ཐུབ་མིན་བུ་གཅིག་པུ་ལ་རེ་བ་ཉག་ཅིག་ཏུ་ཟད་པས་ཡང་ཡང་བསྐུལ་མ་བྱེད་པ་དང་།

        དེ་བཞིན་རང་གི་སྲོག་འབེན་དུ་བཙུགས་པ་ཡང་དགྲ་ལས་རྣམ་པར་རྒྱལ་ཐབས་འདི་ཁོ་ན་ལས་མེད་པར་བུ་ལ་གསལ་ཁ་སྟོན་ཆེད་ཡིན་པ་སྨོས་མི་དགོས་སོ། ། མདོར་ན། ཁྲིམས་མེད་ལུགས་མེད་ཀྱི་སྤྱི་ཚོགས་དེའི་གནས་སྐབས་སུ་དྲང་ཕྱོགས་ཀྱི་ཚབས་མཚོན་རང་བཞིན་ལྡན་པའི་སྐྱེས་མ་འདི་ལྟ་བུ་ཞིག་ཐོན་ཐུབ་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རང་གི་ཁེ་དབང་སྲུང་སྐྱོབ་ཀྱི་ཆེད་དུ་མིག་སྔའི་དཀའ་ངལ་ལ་མི་འཛེམས་པར་བཙན་པོ་དབང་ཤེད་ཅན་དང་འཐབ་ནས་རང་གི་ཁྱིམ་གཞི་སྐྱོང་དགོས་པའི་བསླབ་བྱ་གལ་པོ་ཆེ་ཞིག་བསྟན་འདུག་ཀྱང་། ད་ལྟའི་ཆར་ཁྲིམས་མཐུན་གྱི་སྤྱི་ཚོགས་ཤིག་དང་། འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཡིན་པས་རྗེས་རབས་པ་ཚོས་མ་མྱང་ཚ་དཀར་རྒྱན་གྱི་དཀའ་ངལ་གྱིས་འཚོ་བར་རོལ་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་དང་རང་གི་ཁེ་ཕན་གང་འཚམ་གྱིས་སྲུང་བ་ལས། ཚད་བརྒལ་གྱིས་དགྲ་གཉེན་གང་ལའང་ཆགས་སྡང་བྱེད་མི་རུང་བ་སྟེ། སྔ་དགྲ་ཕྱི་གྲོགས་སུ་འགྱུར་བ་མང་ལ། སྔ་གྲོགས་ཕྱི་དགྲར་འགྱུར་བའང་མངོན་སུམ་མཐོང་ཆོས་སུ་འགྱུར་བ་མང་བས་གཞན་གྱིས་མིག་དཔེར་འོས་པའི་རང་རིགས་ཀྱི་གཤིས་བཟང་མི་ཉམས་རྒྱུད་འཛིན་ཐོག་ཕ་མ་སྤུན་མཆེད་དབར་ལ་ཡ་རབས་གཤིས་སྤྱོད་ཀྱིས་སྐྱོང་བ་ལས་ཐམས་བཅད་རྒྱུ་ཡི་རྩོད་བསྒྲུབ་ཀྱི་དབང་དུ་སོང་ནས་ཕ་མ་སྤུན་མཆེད་ཀྱི་འདུ་ཤེས་ཀྱང་བརླག་པའི་གཤིས་སྤྱོད་ཀྱི་མ་བསླད་པར་དགོངས་བཞེད་ཀྱིས་བླང་དོར་གནས་ལ་མི་འཕྱུགས་པར་བྱེད་པ་འགངས་ཆེའོ། །  

        2016ལོའི་ཁ་བཏགས་དཀར་པོའི་དེབ་3པ་ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1