༄༅།། དཔལ་ཆེན་དབང་རྒྱལ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-25


        དཔལ་ཆེན་དབང་རྒྱལ་ནི་ཁམས་ཡུལ་ཤུལ་ནང་ཆེན་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་དཀྱུས་མ་ཞིག་ཡིན་ལ། འབྲོག་ཁུལ་གྱི་ཁྱིམ་པ་དག་ལས་མ་འདས་པར་ཁོ་ལ་ཡང་ཕུ་ནུ་མིང་སྲིང་བརྒྱད་ཡོད། ཕོ་ལོ་བཅུ་ལ་རན་པའི་ཁོ་རང་ལས་ཀྱི་བསྐལ་བ་བཟང་པོས་ཤེས་རིག་པདྨའི་ལྡིང་ཁང་ལ་བཅུད་ལེན་བུང་བའི་ཚུལ་དུ་སློབ་གཉེར་བྱེད་རྒྱུར་གོ་སྐབས་རག་བྱུང་ལ། སློབ་གཉེར་གྱི་བརྒྱུད་རིམ་ཁྲོད། རང་ཉིད་དགའ་ཁ་ཁྱེར་ཕྱོགས་སམ་ལྷན་སྐྱེས་ཀྱི་སྐད་ངག་ལ་དམིགས་ནས་རིམ་བཞིན་རོལ་མོ་དང་ཞེ་མཐུན་བྱུང་སྟེ་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་ཞུགས་འགོ་བརྩམས། ཉེ་བའི་ལོ་ཤས་རིང་། ལོ་ངོ་དུ་མའི་སྦྱངས་བརྩོན་ལ་འབྲས་བུ་སྨིན་ཏེ། འཁྲབ་སྟོན་དང་པར་ལེན། གླུ་གཞས་སོགས་ཀྱི་ཐད་དུ་ཀུན་གྱིས་མཐེ་བོང་བསྒྲེངས་སའི་དེང་རབས་ཅན་གྱི་སྒྱུ་རྩལ་པ་ཞིག་ཏུ་གྱུར་འདུག ལྷག་པར་བོད་ཀྱི་གླུ་གཞས་དང་དར་སྲོལ་གསར་མའི་ལམ་བུའི་ཁྲོད་ན་ཁོ་རང་ཐོ་རེངས་སྐར་ཆེན་བཞིན་ཀུན་གྱི་ལད་ཟློས་དང་སློབ་སྦྱོང་བྱེད་སའི་ཡུལ་དུ་གྱུར་འདུག

        ཁོ་བོའི་འཆར་གཞི་ལྟར་ན་ད་ལོའི་ལོ་མཇུག་ཏུ་རང་ཉིད་ཀྱི་ལོ་ངོ་དུ་མའི་ནང་འབད་འབུངས་བྱས་པའི་འབྲས་བུའམ་ཆེད་སྒྲིག་ཐོག་མ་དེ་སྤེལ་རྩིས་ཡོད་ལ། ཁོས་བཤད་པ་ལྟར་ན་ཆེད་སྒྲིག་དེར་གསར་རྩོམ་གླུ་གཞས་དྲུག་བཀོད་སྒྲིག་བྱས་ཡོད་ལ། རོལ་དབྱངས་ཀྱི་ཆ་ནས་གནའ་དེང་རོལ་ཆས་དཀྲོལ་རྡུང་སྡེབ་སྦྱོར་བྱས་ཡོད་དེ། སྔོན་གྱི་བརྩམས་ཆོས་སམ་ཡང་ན་རོལ་མོའི་འདུ་ཤེས་དེ་སྔར་ལས་ལྷག་པའི་ཚད་གཞི་གསར་པ་ཞིག་ཏུ་སླེབས་འདུག རོལ་མོའི་ཁྱད་ཆོས་སྟེང་ནས་རང་མི་རིགས་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་རྒྱུ་ཆ་སྣ་ཚོགས་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་དེང་རབས་རོལ་མོའི་མདངས་ཡང་ལྷག་ཏུ་འཚེར་ཡོད་པར་གསལ།
        དེ་སྔོན། ལོ་ངོ་བདུན་གྱིི་རིང་ཁོས་གཞས་རྐྱང་གཉིས་མ་གཏོགས་གསར་རྩོམ་བྱས་མེད་མོད། ཡིན་ཡང་ཁོ་རང་གིས་བཤད་པ་ལྟར། སྒྱུ་རྩལ་གསར་རྩོམ་གྱི་ལམ་ཁར་མེད་དུ་མི་རུང་བ་ནི་ལྷུར་ལེན་འབད་བརྩོན་གྱི་སྙིང་སྟོབས་དང་རྣམ་པར་དག་པའི་སེམས་ཤུགས་ཡིན་པས། རང་གིས་བརྩམས་ཆོས་རེ་རེ་ལ་དུང་ཞིང་ཟབ་པའི་བརྩེ་བ་དང་སྤྲོ་བ་བཅངས་ཡོད། ཁོ་རང་ལ་མཚོན་ན་བརྩམས་ཆོས་མང་ཉུང་མི་གལ་སྤུས་དག་གལ། ལྷག་པར་དུ་རང་ཉིད་ཀྱི་ཆེས་ཐོག་མའི་སེམས་ཀྱི་གཏད་སོར་འཛིན་པའི་གླུ་གཞས་སྒྱུ་རྩལ་ནི་རང་སེམས་ཀྱི་དད་ཡུལ་ལྟ་བུ་ཞིག་ཡིན། དེ་མིན་པར་ལེན་དང་འཁྲབ་སྟོན་བྱེད་པ་ཡང་རང་ཉིད་འཚོ་བའི་ཆ་ཤས་སུ་གྱུར་ཡོད་ཞེས་བཤད། པར་ལེན་དང་འཁྲབ་སྟོན་གྱི་ངོས་ནས་གླེང་ན། ལོ་འདི་གའི་རིང་གདོང་ལས་སྒྲུབ་ཁང་བཙུགས་ཏེ་པར་བ་ཚད་ལྡན་ཞིག་དང་གློག་བརྙན་འཁྲབ་སྟོན་པ་དང་བརྙན་ལེན་པའི་བྱ་བ་དུ་མ་གཉེར་བར་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ལྡན་ལ། གཞོན་སྐྱེས་དག་གིས་ནམ་རྒྱུན་གླེང་བྱར་གྱུར་བའི་བརྩམས་ཆོས་འགའ་རེ་ཐོན་ཡོད།
གྲུབ་འབྲས་ཞར་བཀོད།
2009ལོར་གཞས་རྐྱང་མེ་ཏོག་སྒྲོན་དཀར་གསར་རྩོམ་བྱས་ཤིང་། ཀྲུང་གོའི་བོད་ཀྱི་རོལ་མོ་དྲ་བའི་Topརིམ་སྒྲིག་ལ་གཟའ་འཁོར་བདུན་རིང་རྒྱུན་མཐུད་དུ་ཨང་དང་པོའི་རིམ་སྐར་ཐོབ།
2012ལོར་གློག་བརྙན་བུ་མོ་གསེར་སྒྲོན་གྱི་གཙོ་འཁྲབ་པ་དང་གདན་ཞུའི་བརྙན་ལེན་པ་བྱས།
2013ལོར་ལྷ་ས་བརྙན་འཕྲིན་ཁང་གི་དཔྱིད་གསར་གླུ་གཞས་དགོངས་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་ལྷ་ས་ལགས་ཁྱེད་བདེ་ཞེས་པ་འཁྲབ་ལེན་བྱས།
2013ལོར་སི་ཁྲོན་བརྙན་འཕྲིན་གྱི་བོད་གཞས་འགྲན་ཚོགས་ཆེན་མོའི་གདན་ཞུའི་གླུ་པ་བྱས།
2015ལོར་གློག་བརྙན་དར་སྐུད་དམར་པོའི་གཙོ་འཁྲབ་པ་དང་གདན་ཞུས་བརྙན་ལེན་པ་བྱས།
2015ལོར་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ལྗང་མདོག་གི་ཕ་གཞིས་ཞེས་པའི་སྒྱུ་རྩལ་པའི་འཁྲབ་སྟོན་དགོངས་ཚོགས་སུ་ཞུགས།
2015ལོར་རྒྱལ་ནང་གི་དུས་དེབ་ཅཱ་རེན་ཞེས་པར་བཀོད།
2016ལོར་རྩྭ་ཐང་རོལ་མོའི་དུས་ཆེན་དང་བཀྲ་ཤིས་རྡོ་རྗེའི་བརྩམས་ཆོས་དགོངས་ཚོགས་སུ་ཞུགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1