ཀུན་དགའ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 06-29


རྩོམ་སྒྲིག་པ།  སྒྲོལ་མ་ཚེ་བརྟན།


    གླིང་གེ་སར་རྒྱལ་པོའི་ཕ་ཡུལ་དུ་འབོད་པའི་ཁམས་སྡེ་དགེ་ནས་སྐྱེས་པའི་ན་གཞོན་གཞས་པ་ཀུན་དགའ་ཆུང་དུས་ནས་གཞས་གཏོང་རྒྱུར་དགའ་བར་མ་ཟད། ཁོ་ལ་ལྷན་སྐྱེས་ཀྱི་སྐད་ངག་བདེ་མོ་ཞིག་ཀྱང་ཡོད། 1999ལོར་ཁོ་རང་ཟི་ཁྲོན་དར་མདོ་ལས་བྱེད་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཟི་ཁྲོན་རོལ་མོ་སློབ་གླིང་དུ་སོང་ནས་ལོ་གསུམ་གྱི་རིང་ལ་རོལ་མོའི་ཤེས་བྱར་ཟབ་སྦྱོང་བྱས། རྗེས་སོར་གཞས་པ་གྲགས་ཅན་ཡར་ཏུང་གིས་ཁོའི་གླུ་སྐད་ལ་གདེང་འཇོག་ཆེན་པོ་གནང་པར་མ་ཟད་གཞས་པ་ཀུན་དགའ་ཁོ་རང་གི་ཆེས་ཐོག་མའི་སློབ་མར་ཁས་ལེན་བྱས་པ་རེད།
  ཁྲིན་ཏུའུ་གྲོང་ཁྱེར་དུ་མ་གཞི་ནས་ཆེད་ལས་དང་ལས་ཞོར་གང་རུང་གི་རོལ་མོ་སྒྱུ་རྩལ་པ་གྲགས་ཅན་མང་པོ་ཞིག་ཡོད་རྐྱེན་སྒྱུ་རྩལ་འདིའི་རིགས་ཀྱི་ལས་དང་པོར་འཇུག་མཁན་གྱི་གཞས་པ་གཞས་མ་གང་རུང་ཞིག་ལ་མཚོན་ན་དེ་ནི་རང་ཉིད་རིམ་གྱིས་འཚར་ལོངས་སམ་བསྐྱེད་བསྲིང་གི་ཁོར་ཡུག་མཆོག་ཏུ་གྱུར་པ་ཞིག་རེད། གཞས་པ་ཀུན་དགས་གོ་སྐབས་བཟང་པོ་དམ་འཛིན་དང་དགའ་ཕྱོགས་འཚོལ་སྙེག་གི་འདུན་པ་ལྷུར་ལེན་བགྱིས་པས། དུས་ཡུན་རིང་པོ་མ་འགྱངས་པར་ཁོ་རང་གི་ཆེད་སྒྲིག་བརྙན་འཁོར་ཐོག་མ《རེ་སྒུག》ཅེས་པ་འགྲེམ་སྤེལ་བྱས་རྗེས་མདོ་དབུས་ཁམས་གསུམ་གྱི་ཡུལ་མི་སྤུན་ཟླ་དག་གཙོ་བྱས་རྒྱལ་ནང་དུ་སྐད་གྲགས་ཆེན་པོ་ཐོན་པ་རེད། དེའི་འཕྲོར་ཁོས་སློབ་དཔོན་ཡར་ཏུང་དང་མཉམ་འབྲེལ་གྱིས་དགེ་སློབ་ཟུང་གི་ཆེད་སྒྲིག་བརྙན་འཁོར《རེ་སྒུག》ཅེས་པ་འགྲེམ་སྤེལ་བྱས། ད་དུང་ཁོ་རང་གི་ཆེད་སྒྲིག་བརྙན་འཁོར《རྒྱུད་དྲུག་པི་ཝང》ཞེས་པ་འགྲེམ་སྤེལ་བྱས་རྗེས། རྒྱལ་ནང་དུ་ཁས་ལེན་དང་གདེང་འཇོག་གི་ཚ་རླབས་གསར་པ་ཞིག་བསླངས་པར་མ་ཟད་ཉན་མཁན་དང་ལྟ་མཁན་མང་པོ་ཞིག་གིས་ཁོའི་ཆེད་སྒྲིག་བརྙན་འཁོར་བཞི་པ་ལེགས་འགྲུབ་འབྱུང་པར་སྙིང་ཁོང་ནས་རེ་སྒུག་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1