སྡེ་རོང་རྫོང་གི་སྦྲང་རྩི་ཁུན་མིང་ཀྲུང་གོའི་རྒྱལ་སྤྱི་ཞིང་ལས་ཉོ་ཚོང་འདུ་ཚོགས་སུ་བཤམས་སྟོན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-06


        ཉེ་ཆར། སྐབས་བཅུ་བཞི་པའི་ཀྲུང་གོའི་རྒྱལ་སྤྱི་ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་འདུ་ཚོགས་དེ་ཡུན་ནན་ཁུན་མིང་དུ་ཚོགས་འགོ་བཙུགས་ཤིང་། དཀར་མཛེས་ཁུལ་གྱི་སྡེ་རོང་རྫོང་གི་གངས་ལྗོངས་ཉི་འོད་ཞིང་ལས་ཁྱད་ཐོན་དངོས་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་། ཉི་མའི་བླ་སྲོག་ཞིང་ཞོར་ཐོན་རྫས་ལས་སྣོན་བྱེད་པའི་སྤྱི་གཉེར་ཁང་གིས་ཞིང་ལས་ཁྱད་ཐོན་དངོས་རྫས་གཙོ་བོ་སྟེ་སྡེ་རོང་རྫོང་གི་སྦྲང་རྩི་དེ་ཁུན་མིང་ཉོ་ཚོང་འགྲེམ་སྟོན་ལྟེ་གནས་སུ་བཤམས་སྟོན་བྱས་ནས་ཉོ་སྒྲུབ་དང་གྲོས་མོལ་བྱེད་མཁན་མང་པོ་ཡོང་ཡོད་པ་རེད།
     ཉོ་ཚོང་ལྟེ་གནས་སུ་སྡེ་རོང་རྫོང་གིས་ཚོན་མདངས་ལྡན་པའི་འགྲེམས་སྟོན་པང་ལེབ་དང་། ཐོན་རྫས་དྲིལ་བསྒྲགས་པར་རིས། ཐོན་རྫས་ཀྱི་དངོས་རིགས་འགྲེམས་སྟོན། རིན་པ་མི་དགོས་པར་ཉམས་ཞིབ་བྱེད་ཆོག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ནས། རྫོང་དེའི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་གཙོ་ཁྲིད་ཁེ་ལས་ཀྱི་གཟི་ཉམས་ངོམས་པ་རེད།      ཉེ་བའི་ལོ་ཤས་རིང་སྡེ་རོང་རྫོང་གིས་རྒུན་ཆང་དང་། སེ་པན་གྱི་སྡོང་ཕྲུག སྦྲང་རྩི་བསྙལ་བཟོ་བྱེད་ས་སོགས་ཐོན་ལས་ཆེན་པོ་བདུན་གྱི་རྟེན་གཞི་གསོ་སྤེལ་ནུས་ལྡན་བྱས་ཏེ། ཧུར་ཐག་གིས་ཐོན་ཁུངས་དགེ་མཚན་ལྡན་པ་དེ་ཐོན་ལས་དགེ་མཚན་ལྡན་པ་རུ་བསྒྱུར་བ་དང་། དབུལ་ཕོངས་གྲོང་སྡེའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ནས། ཁྱིམ་ཚང་གིས་ཚོང་གཉེར་བྱ་རྒྱུ་རྨང་གཞིར་བྱས་ཤིང་། མཉམ་ལས་དང་མཉམ་འབྲེལ་གྱིས་འབྲེལ་ཐག་བྱེད་པ། སྤྱི་ཚོགས་ཅན་དུ་ཞབས་ཞུ་བྱ་རྒྱུ་ཡིས་འདེགས་སྐྱོར་བྱས་པའི་དེང་རབས་ཅན་གྱི་ཞིང་འབྲོག་ལས་རིགས་ཀྱི་ཚོང་གཉེར་མ་ལག་གསར་པ་འཛུགས་སྐྱོང་བྱས་ནས། ཐོན་ལས་འཕེལ་རྒྱས་ཡོང་བ་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ལས་ཉོ་ཚོང་འདུ་ཚོགས་ནི་རང་རྒྱལ་གྱི་ཞིང་ལས་ཁྱབ་ཁོངས་སུ་ཚད་གཞི་ཆེས་མཐོ་ཞིང་གཞི་ཁྱོན་ཆེས་ཆེ་བ་དང་། དབང་གྲགས་རང་བཞིན་དང་དགེ་མཚན་ཆེས་ཆེ་བའི་ཞིང་ལས་སྤེལ་རྒྱུགས་དང་ཞིང་ལས་ཐོན་རྫས་ཉོ་ཚོང་གི་འདུ་ཚོགས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་ཞིང་ལས་ཕྱོགས་བསྡུས་འགྲེམས་སྟོན་ལས་སྟེགས་ཤིག་ཀྱང་རེད། སྐབས་འདིའི་ཞིང་ལས་ཉོ་ཚོང་འདུ་ཚོགས་དེ་ཞིང་ལས་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་དུ་གཙོ་གཉེར་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་ནས་འོངས་པའི་ཞིང་ལས་ཐོན་རྫས་ཉོ་ཚོང་བྱེད་མཁན་ཚོང་དཔོན་དང་། ལས་སྣོན་ཁེ་ལས། གློག་རྡུལ་ཚོང་ཁང་སོགས་ཁེ་ལས3000ཙམ་འདུ་ཚོགས་ནང་ཞུགས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1