༄༅།། ཡེ་ཀྲིའི་སྙན་ངག་བདམས་བཀོད།

གླིང་རྡོ་རྗེ་རིན་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-08



 གླིང་རྡོ་རྗེ་རིན་ཆེན་གྱིས་བསྒྱུར། 

      
   ཁྱོད་རང་རྒས་ཚར་དུས
ཁྱོད་རང་རྒས་ཚར་དུས།
དབུ་སྐྲ་སིང་སིང་གིས་གཉིད་ཀྱི་མགོ་བོ་མྱོབ་པར་འགྱུར།
ལྕགས་ཐབ་ཀྱི་མདུན་ནས་གཉིད་ཐུང་རྒྱག་དུས།
 ཁྱོད་ཀྱིས་སྙན་ངག་གི་དེབ་འདི་བླངས་རོགས།
ཁྱོད་ཀྱིས་དལ་བུར་ཀློག་འདོན་བྱས་ཏེ།
འདས་སོང་གི་མིག་ཟུང་དེ་རྨི་ལམ་དུ་རྨིས།
མཉེན་འཇམ་གྱི་འོད་ཟེར་དང་ཟོར་ཡང་གི་གཟུགས་བརྙན་དེ།
མི་ཇི་འདྲའི་མང་པོ་ཞིག་གིས་ཚུལ་འཆོས་ཀྱིས་ཁྱོད་ཀྱི་མཛེས་པ་ལ་ཆགས་པ་དང་།
ཁྱོད་ཀྱི་སྤྲོ་ཞིང་མི་སེམས་འགུག་པའི་ལང་ཚོ་ལ་དུངས་པ་ཡིན་ནམ།
ཏག་ཏག་ལ་མི་གཅིག་ཁོ་ན་ཁྱོད་ཀྱི་གནས་མཇལ་པའི་སེམས་དེར་དགའ་མྱོང་བ་དང་།
ཁྱོད་ཀྱི་ཉིན་བཞིན་ཉམས་དམས་སུ་འགྲོ་བཞིན་པའི་གདོང་གི་སྐྱོ་གདུང་ལ་དགའ་བྱུང་།
དུས་དེར་ཁྱོད་ཀྱིས་སྐེད་པ་སྒུར་བཞིན་མེ་དཔུང་ཚ་ལམ་ལམ་བྱེད་པའི་ཐབ་རའི་འགྲམ་དུ།
སེམས་པ་སྐྱོ་ཡུས་ཀྱིས་ཁྱེར་ཏེ་སྐད་གདངས་དམའ་མོས་བརྩེ་དུང་དེ་ཇི་ལྟར།
རི་མཐོན་པོའི་སྤོ་ནས་བརྒལ་ཏེ་བྲོས་བྱོལ་བྱས་ཚུལ་ལབ་པ་དང་།
ཚང་ཚིང་གི་སྐར་ཚོགས་ཁྲོད་དུ་ཉིད་ཀྱི་ངོ་གདོང་སྦེད་ཀྱིན་འདུག
         ཁོས་ལྷ་ཡུལ་གྱི་དར་གོས་དེ་རག་ན་འདོད།
གལ་སྲིད་ང་ལ་ལྷ་ཡུལ་གྱི་དར་གོས་དེ་རག་ཚེ།
ངས་གསེར་མདོག་དང་དངུལ་མདོག་གི་གཟི་མདངས་འཐག་རྒྱུ་ཡིན།
སྔོ་སིང་སིང་།   སྐྱ་ཐིབ་བེར།    ནག་རོག་རོག་གི་དར་གོས་དེས།
མཚན་ལྗོངས་དང་ཉིན་མོ།     རབ་རིབ་ཀྱི་གཟི་མདངས་བཏགས་པ་དང་།
ངས་དར་གོས་དེ་ཁྱོད་ཀྱི་རྐང་འོག་ཏུ་བཏིང་ན་འདོད།
ཡིན་ཡང་ང་རང་ནོར་གྱིས་དབུལ་བས།  རྨི་ལམ་མ་གཏོགས་ཅི་ཡང་ལུས་མེད།
ངས་རང་ཉིད་ཀྱི་རྨི་ལམ་ཁྱོད་ཀྱི་རྐང་འོག་ཏུ་གདིང་བར་བྱ།
རྐང་པ་ཡང་ཟོར་གྱིས་སྤོ་བ་ཡང་ཁྱོད་རང་ངའི་རྨི་ལམ་ཐོག་ཏུ་སྤོ་བཞིན་ཡོད་པས་ལན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1