༄༅།། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་ཁང་གི་ངོ་སྤྲོད་རགས་བསྡུས།

ཚེ་བརྟན་སྒྲོལ་མ་དང་ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-16


        སྤྱི་ཟླ་11པའི་ཚེས་17ཉིན་ནི་བརྗེད་དཀའ་བའི་ཉིན་མོ་ཞིག་ཡིན། ཉིན་དེར་ངེད་གངས་ལྗོངས་ཉི་གཞོན་གྱི་ལས་གྲོགས་རྣམས་མཉམ་དུ་དཀར་མཛེས་བོད་ལུགས་སྨན་ཁང་གི་ཟུར་ལུགས་བོད་སྨན་ཉམས་ལེན་ཁང་ནང་ལྟ་སྐོར་གྱི་གོ་སྐབས་བྱུང་། ཉམས་ལེན་ཁང་དེ་ནི་བོད་ཀྱི་གསོ་རིགས་ལྷག་པར་དུ་ཟུར་ལུགས་བོད་སྨན་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྣ་འཛོམས་ཚན་ཁག་ཅིག་ཡིན་ལ། མཉམ་ལེན་ཁང་ནང་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱིས་སྲོལ་རྒྱུན་གྱི་བོད་སྨན་ཉོ་ཐུབ་པར་མ་ཟད། ཉེ་བའི་ལོ་འགའི་ནང་སྨན་ཁང་གིས་གསར་གཏོད་བྱས་པའི་བོད་སྨན་ཡང་ཉོ་ཐུབ་པ་མཐོང་། ཟུར་ལུགས་བོད་སྨན་ཉམས་ལེན་ཁང་གི་གཙོ་གཉེར་པ་ཅང་ཧྭ་སྐལ་བཟང་སྟོབས་ལྡན་གྱིས་ང་ཚོར་ཞིབ་མོའི་སྒོས་རེ་རེ་ངོ་སྤྲོད་བྱས། ཁོང་གིས་གཉིད་ཁུག་པར་ཕན་པའི་སྨན་བླའི་བདུད་རྩི་ཞེས་པའི་སྨན་ཆང་དང་། ལྷ་དུང་སྨན་སྤོས། ལུས་ཟུངས་གསོ་ཞིང་ཉམས་སྟོབས་རྒྱས་པའི་རོ་ཙ་སྟོབས་སྐྱེད་ཞེས་པའི་གསོ་སྨན་སོགས་མཉམ་ལས་ཁང་གི་དངོས་རྫས་གསར་པ་ཡོངས་རྫོགས་ནི་དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གིས་བོད་ཀྱི་གསོ་རིགས་དང་ཟུར་ལུགས་བོད་སྨན་བཅས་ཀྱི་གཞུང་ལུགས་གི་རྨང་གཞི་ལ་བརྟེན་ནས་དེང་སང་གི་མི་རྣམས་ཀྱི་འཚོ་བ་རོལ་སྟངས་ལ་གཞིགས་ནས་ལག་རྩལ་གསར་པ་ཞིག་ཐོབ་པའི་ཐོན་རྫས་གསར་པ་ཡིན་ཞེས་གསུངས།
        དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་ཁང་ནི་སྤྱི་ལོ་1984ལོར་གསར་དུ་བཙུགས་པའི་བོད་ལུགས་གསོ་རིག་གི་གསོ་བཅོས་དང་སློབ་ཁྲིད། ཞིབ་འཇུག་དང་སྨན་སྣ་སྡེབ་སྦྱོར་སོགས་གཞི་གཅིག་ཏུ་འདུས་པའི་སྣ་འཛོམས་རང་བཞིན་གྱི་རིམ་པ་གཉིས་པའི་གཞུང་བཙུགས་སྨན་ཁང་ཞིག་ཡིན། རྒྱལ་ཁབ་རིམ་པའི་མི་རིགས་སྨན་ཁང་གཙོ་གྲས་ཀྱི་ཁོངས་སུ་གཏོགས་པར་མ་ཟད། ད་དུང་ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་ལས་དོན་མཛུབ་སྟོན་ལྟེ་གནས་དང་བོད་སྨན་སྡེབ་སྦྱོར་ལྟེ་གནས། སི་ཁྲོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་མི་སྣ་གསོ་སྐྱོང་དང་ནད་ཐོག་དངོས་སྦྱོང་རྟེན་གཞི་སོགས་ཡིན།
        ད་ལྟ་སྨན་ཁང་དུ་ལས་བཟོ་བ་100ལྷག་ཡོད་ལ། དེ་ལས་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣ་12དང་འབྲིང་རིམ་ཆེད་ལས་ལག་རྩལ་མི་སྣ་23ཡོད། སྔོན་ཐོན་གྱི་བརྟག་དཔྱད་འཕྲུལ་ཆས་ཚོན་ལྡན་སྒྲ་བརྒལ་དང་DRཔར་རིས། སྐྱེ་དངོས་རྫས་འགྱུར་རང་འགུལ་བརྟག་དཔྱད་འཕྲུལ་ཆས་སོགས་ཡོད། ཚད་གཞི་བཀོད་སྒྲིག་ཉལ་ཁྲི་120དང་བོད་སྨན་སྒོ་བསྟེན་ཁང་དང་ཞག་སྡོད་ཁང་། སྨན་སྣ་སྡེབ་སྦྱོར་ཚན་ཁག་སོགས་འགན་ནུས་སྡེ་ཁག་10ཡོད། ད་དུང་བོད་ལུགས་གསོ་རིག་གི་ཕོ་ནད་དང་གཅིན་སྙིའི་ནད། གྲུམ་བུའི་ནད། གཟའ་གྲིབ་ནད་དང་བརྟག་དཔྱད་ཚན་ཁག་སོགས་ནད་ཐོག་གསོ་བཅོས་ཚན་ཁག་19ཡོད།
        བོད་སྨན་ཁང་གིས་ནད་ཐོག་གསོ་བཅོས་ཀྱི་ཕན་ནུས་སྙིང་པོར་བཟུང་སྟེ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་གཙོ་བཅོས་ནད་རིགས་ཆེད་ཁག་བཙུགས་ནས་བོད་ལུགས་གསོ་རིག་གི་གྲུམ་བུའི་ནད་དང་ཕོ་བའི་ནད། གཅིན་སྙིའི་ནད། བོད་ལུགས་སྨན་ལུམས་དང་རྒས་ནད་གསོ་བཅོས་ཚན་ཁག་སོགས་དང་ཟུང་འབྲེལ་སྒོས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་གསོ་བཅོས་སྡེ་ཁག་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་རེད།
        བོད་སྨན་ཁང་གིས་གསོ་རིག་དང་སྨན་རྫས་གཉིས་ཆར་རྒྱུན་འཛིན་བྱེད་བཞིན་ཡོད་ཅིང་། བོད་སྨན་སྡེབ་སྦྱོར་གྱི་ཚད་ལྡན་རང་བཞིན་དང་ཐོན་སྐྱེད་མཐོར་འདེགས་སུ་བཏང་སྟེ། བོད་ལུགས་གསོ་རིག་གཞུང་ལུགས་དང་བོད་སྨན་སྡེབ་སྦྱོར་ཟུང་འབྲེལ་སྒོས་བོད་སྨན་སྡེབ་སྦྱོར་གྱི་སྤུས་ཚད་དང་མཐུན་པའི་སྨན་སྣ་200ལྷག་བཟོས། དེ་ལས་སྨན་སྣ་195ལ་ཞིང་ཆེན་ཟས་རིགས་དང་སྨན་རྫས་དོ་དམ་ཅུའུ་ཡིས་ཆོག་མཆན་ཐོབ། རིན་ཆེན་སྨན་རྫས་རིགས་18དང་རྒྱུན་སྤྱོད་སྨན་རྫས་200ལྷག་ཞིབ་འཇུག་གསར་བཟོ་བྱས་ནས། ལོ་རེར་བོད་སྨན་སྡེབ་སྦྱོར་གྱི་ཚད་སྤྱི་རྒྱ་ཁྲི་3ལ་སླེབས། སྨན་ཁང་གི་ནད་ཐོག་ལག་ལེན་དང་ཞིབ་འཇུག གཞི་རིམ་དང་ཉེ་འཁོར་གྱི་བོད་སྨན་གསོ་བཅོས་སྡེ་ཁག་དག་ལ་བོད་སྨན་མཁོ་སྤྲོད་བྱེད་པར་ཁག་ཐེག་བྱས་ཡོད།
        བོད་སྨན་ཁང་གིས་ཞིབ་འཇུག་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་བོད་ལུགས་གསོ་རིག་གཞུང་ལུགས་དང་ལག་རྩལ་མཐོར་འདེགས་སུ་གཏོང་བཞིན་ཡོད་ལ། བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་གནའ་དཔེ་200ལྷག་འཚོལ་བསྡུད་དང་སྨན་ཐང་80གསར་བཞེངས་བྱས་ལ། ཟུར་ལུགས་བོད་སྨན་གྱི་འགྲེམས་སྟོན་ཁང་2འཛུགས་སྐྲུན་བྱས་ཡོད། ད་དུང་སྔ་ཕྱིར་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་ཞིབ་འཇུག་ལས་གཞི་40ལྷག་བསྒྲུབས་ཤིང་བོད་སྨན་གསར་བཟོས་ཆེད་སྤྱོད་ཀྱི་ཁེ་དབང་3དང་བོད་སྨན་ཚོང་རྟགས་2བླངས་ཡོད། བོད་སྨན་གསར་པའི་རིགས་10གསར་གཏོད་བྱས་པ་ལས་གཟེར་འཇོམས་རྡོ་རྗེ་ལ་རྒྱལ་ཁབ་རིམ་པའི་སྨན་རྫས་ཆོག་མཆན་ཡི་གེ་དང་སྨན་རྫས་གསར་བའི་དཔང་ཡིག་ཐོབ་ཡོད་པ་དང་གཞན་ཨང་གསུམ་པའི་སི་ཁྲོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་1ཐོབ།
        བོད་སྨན་ཁང་ལ་སྔ་ཕྱིར་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་སྔོན་ཐོན་སྡེ་ཁག་དང་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་ལས་རིགས་ཀྱི་སྔོན་ཐོན་སྡེ་ཁག མི་རིགས་གསོ་རིག་ལས་དོན་གྱི་སྔོན་ཐོན་སྡེ་ཁག་དང་སི་ཁྲོན་ཞིང་ཆེན་གྱི་བོད་སྨན་ཁང་རྩེ་གྲ། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཟུར་ལུགས་བོད་སྨན་ཁྲིད་སྦྱོང་ཁང་སོགས་ཀྱི་མཚན་སྙན་ཐོབ།
        དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་བོད་ཀྱི་ཟུར་ལུགས་གསོ་རིག་འཕེལ་རྒྱས་བྱུང་སའི་གནས་གཙོ་བོའི་གྲས་ཀྱི་གཅིག་ཡིན་ལ། ཟུར་ལུགས་བོད་སྨན་དེ་ཉིད་ཁམས་ཕྱོགས་སུ་ལག་ལེན་དང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་དཀར་མཛེས་ས་ཁུལ་གྱི་ཁྱད་ཆོས་མངོན་པར་ལྡན་པའི་གསོ་རིག་གཞུང་ལུགས་ཁྱད་དུ་འཕགས་པ་ཞིག་ཏུ་གྲུབ་ཡོད། དེ་བས། 2006ལོར་དཀར་མཛེས་ཁུལ་བོད་ཀྱི་ཟུར་ལུགས་གསོ་རིག་དེ་ཉིད་རྒྱལ་ཁབ་རིམ་པའི་ཆེས་ཐོག་མའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་བདམས་ཐོན་བྱུང་བར་མ་ཟད། ད་དུང་དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་ནི་ཟུར་ལུགས་བོད་ལུགས་གསོ་རིག་ཁྲིད་སྦྱོང་ལྟེ་གནས་སུ་གཏན་ཁེལ་བྱས་ཡོད།
        དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གི་ཟུར་ལུགས་བོད་སྨན་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏང་ཆེད། ད་དུང་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་དག་དང་། ས་གནས་དེ་གར་གནས་པའི་མི་རིགས་སོ་སོར་ཕྱོགས་ལྷུང་སྤུ་ཙམ་ཡང་མེད་པར་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། མི་འདོད་ནད་ཀྱི་གཟིར་བའི་ནད་པ་དག་ལ་རང་ནུས་ཅི་ལྕོགས་ཀྱི་ཞབས་ཞུ་བསྒྲུབ་པར་འདོད་པས་དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་དང་དཀར་མཛེས་ཁུལ་ལྷ་དུང་བོད་ཀྱི་གསོ་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་གཉིས་ཀྱིས་དར་མདོ་གྲོང་ཁྱེར་དུ་སྨན་ལུགས་སྒོ་བསྟེན་ཁང་དང་ཟུར་ལུགས་བོད་སྨན་ཉམས་ལེན་ཁང་འཛུགས་ཡོད།
        དཀར་མཛེས་བོད་ལུགས་སྨན་ཁང་ཟུར་ལུགས་ཉམས་ལེན་ཁང་ནང་ཆེས་ཁྱད་ཆོས་ལྡན་པ་ཞིག་ནི་བདུད་རྩི་ལྔ་ལུམས་སྨན་ཁྲུས་ལྟེ་གནས་རེད། སྨན་ཁྲུས་ནི་བོད་ཀྱི་གསོ་རིག་གི་ཆེས་མངོན་གསལ་དང་ཁྱད་ཆོས་ལྡན་པའི་བཅོས་ཐབས་ཤིག་ཡིན། ཟུར་ལུགས་བོད་སྨན་མཉམ་ལས་ཁང་གི་སྨན་ཁྲུས་ལྟེ་གནས་ཀྱི་སྨན་རྫས་གཙོ་བོ་ནི་བདུད་རྩི་ལྔ་ལུམས་ཡིན། བདུད་རྩི་ལྔ་ལུམས་དང་བདུད་རྩིའི་སྨན་ཆུ་ཚ་མོ་མཉམ་དུ་བསྲེས་ན་རླངས་པ་དང་ཆུ་སེར་སོགས་བ་སྤུའི་བུ་ག་ནས་ཕྱིར་འདོན་པར་བྱེད་པ་དང་། རླུང་གི་ནད་རྣམས་འདུལ་ཞིང་སྐྲངས་པའི་རིགས་རྩ་བ་ནས་འཇོམས་པ། ཤ་སྐམ་པོར་ཆགས་པ་རྣམས་ཤ་རྒྱས་པར་བྱེད་པ་དང་། རྨ་གསར་རྙིང་དང་ཆུ་སེར་གྱིས་སྐྲངས་པ་སོགས་ལ་ཕན་པར་མ་ཟད། མོ་ནད་རླུང་ཚབས་དང་ཁྲག་ཚབས། ལུས་སྒུར་པོར་ཆགས་པ། ཤ་རུས་སྐྲངས་པ་སོགས་ལ་ཕན་པ་ཤིན་ཏུ་ཆེ་བ་དང་། གྲིབ་ནད། གྲུམ་བུ། རྩ་དཀར། པགས་ནད་ཀྱི་རིགས་སོགས་ལ་ཕན་པ་མངོན་གསལ་ཡོད་པ་དང་། དེ་ལས་གཞན་ནད་གཞི་བདེ་སྲུང་དང་། རྒས་ཀ་གསོ་བ། མདངས་གསོ་བ་སོགས་ལ་ནུས་པ་ཁྱད་པར་ཅན་ལྡན། དེའི་སྨན་རྫས་དག་ནི་མཚོ་ངོས་ལས་སྨིད་སུམ་སྟོང་ཡན་གྱི་འབག་བཙོག་མེད་ཅིང་ར་རོའི་དྲི་མ་དང་བྲལ་བའི་དྭངས་གཙང་གི་མདོ་དབུས་མཐོ་སྒང་དུ་སྐྱེས་པའི་རང་བྱུང་སྨན་རྩྭའི་རིགས་ལས་བཏུས་པ་ཡིན་ཞེས་ངོ་སྤྲོད་བྱས།
        བོད་ཀྱི་སྲོལ་རྒྱུན་གྱི་གསོ་རིགས་ནི་དེང་རབས་ཅན་གྱི་ན་གཞོན་པ་རྣམས་ཀྱིས་གསར་གཏོད་ཀྱི་སྙིང་སྟོབས་འོག་འཕེལ་རྒྱས་ཀྱི་རྦ་རླབས་ཡང་ཡང་འཕྱུར། ཁོང་ཚོ་ནི་བོད་ཀྱི་གསོ་རིགས་ཀྱི་རྒྱུན་འཛིན་པ་ཡིན་ལ་གསར་གཏོད་པ་ཡང་ཡིན་ནོ། །

        2016ལོའི་《ཁ་བཏགས་དཀར་པོ།》དེབ་6པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1