ཁྲོན་བོད་གཞུང་ལམ་སྟེང་གི་ཟམ་ཆེན་དང་པོ།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-23


         སྤྱི་12པའི་ཚེས་20ཉིན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྟེ། རྒྱལ་མོའི་རྔུལ་ཆུའི་མཁའ་དབྱིངས་སུ་ལྗིད་ཚད་ཡང་ཞིང་སྤུས་ཀ་བཟང་པའི་ཐག་པ་དང་ལྕགས་སྐུད་ཕྲ་མོས་ཟམ་སྣེ་ཕྱོགས་གཉིས་སུ་སྦྲེལ་ཐུབ་པ་བྱུང་། ཐག་པའམ་ཡང་ན་ལྕགས་སྐུད་ཕྲ་མོ་བརྒྱུད་ནས་ལྗིད་ཚད་ཅུང་ལྕི་བའི་དཔྱངས་ཐག་གིས་ཟམ་སྣེ་ཕྱོགས་གཉིས་སུ་སྦྲེལ་ཐུབ་པ་བྱུང་པ་འདིས་ལས་ཀའི་དཀའ་གནད་ཇེ་ཉུང་དུ་བཏང་བ་མ་ཟད་ལས་ཀའི་ལས་ཆོད་ཀྱང་ཇེ་མཐོར་བཏང་།


        ལོ་ངོ་གཉིས་དང་ཟླ་བ་གསུམ་གྱི་དུས་ཡུན་སྤྱད་ནས་ཟམ་པའི་འོག་གི་སྒྲིག་གཞི་ལེགས་གྲུབ་བྱུང་རྗེས་ཟམ་པའི་སྟེང་གི་དཔྱངས་ཐག་ལས་འགོ་ཚུགས་ཤིང་། མི་འགྱང་བར་སྤྱིའི་རིང་ཚད་ལ་སྨི་1100ཡོད་པའི་མཁའ་ལམ་གསར་པ་ཞིག་རྒྱལ་མོ་རྔུལ་ཆུའི་མཁའ་དབྱིངས་སུ་མངོན་ཐུབ་ངེས།


         རྒྱུས་ལོན་བྱུང་པ་ལྟར་ན། མྱུར་བགྲོད་གཞུང་ལམ་འདི་ནི་དར་མདོ་གྲོང་གི་ཤར་རྒྱུད་ནས་ལམ་ལ་ཆས་ཏེ་ཨ་ཅག་རི་བོའི་ཕུག་ལམ་དང་ཐན་ཆོན་རྫོང་བརྒྱུད་ལ་རྒྱལ་མོ་རྔུལ་ཆུ་འཕྲེད་ཀྱིས་གཅད་ནས་གཡག་རྔ་གྲོང་ཏུ་སླེབས་ཐུབ། གཞུང་ལམ་འདིའི་རིང་ཚད་ལ་སྤྱི་ལེ་135ཡོད་པ་དང་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ནི་82%ཡིན་ལ་གཞུང་ལམ་བརྒྱུད་ཀྱི་མཚོ་འཕགས་ཀྱི་བར་ཁྱད་ལ་སྨི་1900ལྷག་ཡོད།


         ནང་གསེས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་རིང་ཚད་ལ་སྨི་1411ཡོད་པ་དང་མཚོ་འཕགས་སྨི་1617ཡོད། ཟམ་ངོས་ནས་ཆུ་ངོས་ཀྱི་བར་ཁྱད་ལ་སྨི་239ཡོད་པ་དང་། ཟམ་ཆེན་གྱི་གཞུང་ཐིག་གི་མཐོ་ཚད་ལ་སྨི་188ཡོད་པ་མ་ཟད་ཟམ་ཆེན་འདི་ནི་ས་འགུལ་གྱི་འགུལ་ལྟེ་གསུམ་བསྣོལ་བར་སྦྲེལ་སའི་མཚམས་སུ་གནས་ཡོད་པས་ས་འགུལ་ཚད་རིམ་8གྱི་སྔོན་འགོག་ཚད་གཞི་ལྟར་འཛུགས་བསྐྲུན་བྱས་ཡོད། ཟམ་ཆེན་གྱི་གཡས་གཡོན་གཉིས་སུ་རླངས་འཁོར་ལམ་གཉིས་རེ་དང་ཁྱོན་རླངས་འཁོར་གྱི་ལམ་བཞི་ལས་གྲུབ་ཡོད་པ་དང་། ངར་ལྕགས་བསྲེས་མའི་ཟམ་བསྐྲུན་གྱི་བརྒྱུད་རིམ་ལྟར་ལས་ཡོད་པ་དང་ཟམ་པ་ཡོངས་ཀྱི་ལས་རིན་སྒོར་དུང་ཕྱུར་བཅུ་ལས་བརྒལ་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1