༄༅།། ངག་བློ།

དཀོན་རྡོར་དང་ཡེ་མགོན། དབང་ཕྱུག རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 06-29


     སྤྱི་ལོ1964ལོར་ངག་བློའི་ལྟེ་ཁྲག་ཐོག་མར་བྱང་སྟེ་རྫ་ཆུ་ཁའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཕོས། རང་ཉིད་ལོ་ན7ལ་སོན་སྐབས་སྡེ་བའི་སློབ་ཆུང་དུ་འཇུག་ནས་སློབ་གཉེར་གྱི་གོམ་སྟབས་ཐོག་མར་སྒྱུར་འགོ་ཚུགས། ལོ་བརྒྱད་ལོན་སྐབས་དར་མདོ་འོངས་ནས་ཧུའུ་རིགས་སློབ་ཆུང་དུ་སློབ་གཉེར་བྱས། སློབ་ལ་བརྩོན་པ་བྱས་པས་དར་མདོ་སློབ་འབྲིངགི་དམའ་རིམ་སློབ་འབྲིང་ལ་རྒྱུགས་འཕྲོད་ནས་མུ་མཐུད་དུ་དེ་མཐོ་རིམ་སློབ་འབྲིང་སོགས་རིམ་བཞིན་བརྒྱུད་དེ་1986ལོར་ཟླ་བ9པར་ངག་བློ་ཡིས་སྦྱངས་འབྲས་ལེགས་པའི་ཐོག་ནས་ཁམས་པའི་ཆེད་སྦྱོང་སློབ་གྲྭར་རྒྱུགས་འཕྲོད་ནས་རང་གི་མི་ཚེའི་རེ་འདུན་གྱི་གོམ་ཁ་དང་པོ་གྲུབ། སློབ་གྲྭར་རྒྱུགས་འཕྲོད་རྗེས་དབྱིན་ཇིའི་སྐད་ཡིག་ཚན་ཁག་ཏུ་ཞུགས་ནས་རང་གི་སྐད་ཡིག་གི་ལ་སྦྱངས་འབྲས་ལེགས་པོ་ཐོབ་པར་བརྩོན་ལེན་བྱས་པའི་རྨང་གཞིའི་ཐོག་ནས་དབྱིན་ཇིའི་ཡི་གེར་བརྩོན་པ་དྲག་པོ་བྱས་ནས་རང་ཉིད་ཀྱི་གོམ་ཁ་འཛམ་གླིང་ཕྱོགས་སུ་བསྒྱུར་རྒྱུའི་ཕུགས་འདུན་བཅངས། 1989ལོར་ལོའི་ཟླ7པའི་ནང་ངག་བློ་ཉིད་ཁམས་པའི་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་དངོས་སུ་གོམ་ཁ་དང་པོར་སྒྱུར་འགོ་ཚུགས། དེའི་སྐབས་སུ་ཕུལ་བྱུང་སློབ་གྲྭ་ཆེན་མོ་བ་ཞིག་མཚོན་ན། ལས་བགོས་ཐད་རང་ཉིད་ཀྱིས་བདམ་ཀ་བྱེད་ན་ཆོག་གི་རེད། ཡིན་ནའང་ཁོས་རང་རེ་ཁུལ་གྱི་ཆ་རྐྱེན་ཆེས་ཞན་པའི་སེར་ཤུལ་རྫོང་དུ་ལས་དོན་སྒྲུབ་ས་འགྲོ་རྒྱུའི་ཆོད་སེམས་བཅངས། ལས་རྐང་ཐོག་ཏུ་ཁོའི་འཇོན་ནུས་ཀྱི་དབང་གིས་ལོ་གཉིས་འདས་རྗེས་སེར་ཤུལ་རྗོང་སྲིད་གཞུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་བཞག་བྱས་ཡོད།       ལས་དབང་གིས་རྐྱེན་པས་1991ལོར་དབྱར་གཞུང་དུ་ཕྱི་རྒྱལ་གྱི་ཚན་རིག་རྟོག་ཞིབ་པ་བརྒྱད་ཀྱིས་སེར་ཤུལ་རྫོང་ཁོངས་ཀྱི་འབྲི་ཆུ་འབབ་རྒྱུད་དུ་ཚན་རིག་རྟོག་ཞིབ་བྱེད་པའི་སྐབས་སུ།རྫོང་དེས་ཁོ་ཉིད་ཕྱི་རྒྱལ་གྱི་ཚན་རིག་རྟོག་ཞིབ་ཚོགས་པར་སྐད་སྒྱུར་བྱེད་མཁན་མངག་ཅིང་། རྟོག་ཞིབ་བྱེད་མཇུག་བསྒྲིལ་སྐབས་ཁོའི་སྐད་སྒྱུར་གྱི་འཇོན་ནུས་དང་དབྱིན་ཇིའི་ཡི་གེའི་བྱང་ཚད་ལ་ཕྱི་རྒྱལ་གྱི་ཆེད་རམས་པ་ཚོས་གདེངས་འཇོག་མཐོན་པོ་བྱས་པ་དང་ཆབས་ཅིག  ངག་བློ་ལ་ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་དུ་འོངས་རྒྱུའི་གདན་འདྲེན་ཞུས་པ་རེད།
   1994ལོའི་ལོ་སྟོད་ནས་1995ལོའི་ལོ་མཇུག་བར་དབྱིན་ཇི་རྒྱལ་ཁབ་ཀྱི་ལ་ཧྥུ་ཁ་ལི་སློབ་གྲྭ་ཆེན་མོས་གདན་ཞུ་ལྟར། ངག་བློ་ཡིས་སློབ་གྲྭ་དེའི་ནང་དབྱིན་ཇིའི་ཡི་གེ་ཟབ་སྦྱོང་བྱེད་ཞོར་དུ་བོད་ཀྱི་རིག་གནས་ཆེད་ཁྲིད་བྱས་པ་དང་། བོད་ས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཐོན་ཁུངས་དང་ད་ཡོད་གནས་ཚུལ། མི་མངོན་པའི་གསར་སྦོལ་བྱེད་རིན་སོགས་ངོ་སྤྲོད་བྱས་པར་བརྟེན། ཁམས་པའི་རིག་གནས་དང་མཛེས་ལྗོངས་ས་ཁུལ་རྒྱལ་ཁབ་གཞན་དུ་ཁྱབ་སྤེལ་བྱས་ཏེ་འཛམ་གླིང་ཡོངས་ཀྱིས་ཁམས་པའི་ཡུལ་སྲོལ་གོམས་འདྲིས་ཀྱི་དམངས་ཁྲོད་རིག་གནས་ལ་དོ་ཁུར་བྱེད་པའི་སེམས་པ་འཆང་དུ་བཅུག 
   ཕྱི་རྒྱལ་ནས་རང་ཡུལ་དུ་ལོག་རྗེས། ངག་བློའི་སེམས་གཞུང་དུ་སྲིད་གཞུང་གི་གཞུང་པ་ཞིག་བྱས་ན་རང་གི་ཕུགས་བསམ་འགྲུབ་བྱེད་ཀྱི་ཐབས་ལམ་མི་འདུག་པའི་སྐུལ་སེམས་བཅངས་བར་བརྟེན། 1996ལོར་གཞུང་ཞབས་པའི་ལས་གནས་ལས་བྲལ་ཏེ་ཡུལ་སྐོར་ལྗོངས་རྒྱུའི་ཚོང་གཉེར་གྱི་ལམ་བུའི་སྟེང་བསྐྱོད་པའི་གོམས་སྟབས་སྤོས། དུས་དེ་ནས་བཟུང་ངག་བློ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཚོང་ར་གསར་སྦོལ་བྱེད་པར་ནུས་ཤུགས་བསྒྲིམས་པ་དང་ཆབས་ཅིག   རང་རྒྱལ་གྱི་ཡུལ་སྐོར་ལྗོངས་རྒྱུ་ལས་རིགས་དར་རྒྱས་ཆེ་བའི་ས་ཁུལ་དུ་ལྟ་སྐོར་རྟོག་ཞིབ་བྱས་པས་མ་ཚད། ཕྱིའི་རྒྱལ་ཁབ་ཨ་མེ་རི་ཁ། དབྱིན་ཇི། འཇར་མན། དབྱི་ཐ་ལི། ཨོ་སི་ཁྲུ་རི་ཡ། ཧྥ་རི་སི་བཅས་རྒྱལ་ཁབ་བཅུ་ཙམ་ལྗོངས་རྒྱུ་དང་སློབ་སྦྱོང་བྱེད་དུ་ཆས་མྱོངས།ཁོས་ས་གནས་དང་རྒྱལ་ཁབ་དེ་དག་གིས་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་ཐད་དོ་དམ་བྱེད་སྟབས་དང་ཞབས་ཕྱི་སྒྲུབ་སྟངས་ལ་སློབ་སྦྱོང་བྱེད་ཞོར་དུ་བོད་ཀྱི་རིག་གནས་དང་ཡུལ་སྐོར་ལྗོངས་རྒྱུའི་ཐོན་ཁུངས་བཅས་འཛམ་གླིང་གི་གླིང་སྟེགས་ཐོག་མངོན་སྟོན་བྱས་པར་བརྩོན་ལེན་དྲག་པོ་བྱས་མཐར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཚོང་ར་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད། ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་སྒྲུབ་གཉེར་བྱས་པའི་དུས་མཚུངས་སུ།ངག་བློ་བོད་ཁམས་ཡོངས་སུ་རྟོག་ཞིབ་ལ་གོམ་སྟབས་སྒྱུར་བའི་སྐབས་སུ།ཁོའི་མཐོང་ལམ་དུ་འཆར་བ་ནི་བོད་ཡོངས་སུ་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཆ་ཚང་འཛོམས་པའི་འགྲེམ་སྟོན་ཁང་ཞིག་ད་དུང་འཛུགས་མེད་པའི་རྣམ་པ་ཉིད་ཡིན་པ་རེད།
   དེ་བས་ན། 2006ལོར་ངག་བློ་ཡིས་མ་དངུལ་སྒོར་ཁྲི2000ཙམ་གསོག་འཇོག་བྱས་ཏེ་བོད་ཁུལ་དུ་སྙན་པའི་གྲགས་པ་ཁྱབ་པའི་རྟའུ་ཡི་ཡུལ་མི་སྡོད་ཁང་གི་ཁྱད་ཆོས་ལྡན་པའི་བོད་ཀྱི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་དངོས་མང་བཤམ་སྟོན་ཁང་ཞིག་དར་རྩེ་མདོའི་མི་ཉག་ལྟག་སྒོའི་ཕྱོགས་སུ་གཞིས་ཆགས་པར་བརྟེན། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་བོད་ཀྱི་རིག་གནས་ཆེ་ཆུང་ལྔ་དང་དམངས་ཁྲོད་ཀྱི་བཟོ་རྩལ། དམངས་གཞས། བཟའ་བཅའ། གོས་ཆས་ལ་སོགས་པའི་རིག་གནས་ཆ་ཚང་འཛོམས་པའི་འགྲེམ་སྟོན་ཁང་མེད་པའི་སྟོང་ཆའི་ཁ་སྐོང་བ་རེད།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།།དཔལ་དོན་གྲུབ་རྒྱལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1