༄༅།། སྟོད་མངའ་རིས་ནས་གནའ་རྫས་གསར་རྙེད་དང་ལོ་རྒྱུས་སྟེང་གི་ཞང་ཞུང་དང་གུ་གེ་རྒྱལ་རབས།

བསོད་ནམས་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-06


                                      སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧའོ་ཝེ་ཡིས་བྲིས། བསོད་ནམས་སྐྱིད་ཀྱིས་བསྒྱུར།

གུ་གེའི་གནའ་ཤུལ།



གུ་གེ་གནའ་ཤུལ་གྱི་སྐུ་བརྙན་དང་བྲག་རིས།
གུ་གེ་རྒྱལ་རབས་སྐབས་ཀྱི་མཆོད་རྟེན།
         སྟོད་མངའ་རིས་སྐོར་གསུམ་གྱིས་བོད་ཀྱི་གནའ་རབས་ལོ་རྒྱུས་སྟེང་གནས་བབ་གལ་ཆེན་བཟུང་ཡོད་ལ། ཡུལ་གྲུ་འདི་གཙོར་བྱས་ཏེ་བོད་ལྗོངས་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་ཞང་ཞུང་སྒོ་ཕུག་བར་གསུམ་ལ་བོད་ཀྱི་ཡིག་ཚང་རྣམས་སུ་གནའ་བོའི་ཞང་ཞུང་རྒྱལ་རབས་ཀྱི་ལྟེ་བར་གྲགས་མོད། ཡིན་ན་ཡང་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད། ཞང་ཞུང་ཆེ་བ་དང་ཞང་ཞུང་ཆུང་བ། ཞང་ཞུང་བཙུན་མོའི་རྒྱལ་ཁབ་སོགས་སུ་འབོད། དུས་ཡུན་རིང་པོ་ཞིག་གི་ནང་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པས་ཡུལ་ཁམས་འདི་ལ་དོ་སྣང་བྱེད་བཞིན་ཡོད་པ་ནི་གནས་འདི་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་མ། ཨེ་ཤ་ཡ་དབུས་མ་སོགས་ཀྱི་དཀྱིལ་ན་ཆགས་ཡོད་པའི་རྐྱེན་རེད། མཐའ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་ཕན་ཚུན་བར་རིག་གནས་དང་ཆོས་འབྲེལ་དམ་ཟབ་ཡོད་ལ། ཧན་ཐང་སྐབས་ནས་བཟུང་སྐམ་སའི་དར་གོས་ཚོང་ལམ་གལ་ཆེན་ཞིག་ཏུ་བརྩིས་ཡོད། དུས་མཚུངས་སུ་གནའ་དཔེ་ཁག་ཏུ་ཡུལ་གྲུ་འདི་ནི་བོད་ཀྱི་གདོད་མའི་ཆོས་ལུགས་སྟེ་བོན་བསྟན་གྱི་འབྱུང་ཁུངས་ཡིན་པར་འཁོད་ཡོད་ལ། བསྟན་པ་ཕྱི་དར་གྱི་དབུ་ཚུགས་ཡུལ་དང་། འདུལ་བ་སྟོད་ལུགས་བྱ་བའི་བསྟན་པའི་མེ་རོ་གསོ་ཡུལ་ཡང་ཡིན་ནོ། ཡུལ་གྲུ་རྒྱ་ཆེན་པོ་འདི་ནས་སྔ་རྗེས་སུ་དར་བའི་ཞང་ཞུང་རྒྱལ་རབས་དང་བཙན་པོའི་རྒྱལ་རབས། དུས་རབས་བཅུ་པའི་ནང་བྱུང་པའི་གུ་གེ་རྒྱལ་རབས་སོགས་ཀྱིས་གནས་འདི་རུ་རྩ་ཆེ་བའི་ལོ་རྒྱུས་རིག་གནས་དང་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་ལྷ་སྒྲུང་མང་པོ་ཤུལ་དུ་བཞག་ཡོད། གནས་མཆོག་འདི་གའི་སྙན་པའི་གྲགས་པ་འབར་བའི་གནས་རི་དང་བླ་མཚོ། ཀླུང་ཆེན་ཁ་འབབ་རྣམ་བཞིར་གྲགས་པའི་གླང་ཆེན་ཁ་འབབ་དང་སེང་གེ་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱའི་ཁ་འབབ་བཅས་དང་། དེ་མིན་སུམ་རྩེན་གནས་ལ་འགྲན་པའི་རང་བྱུང་མཛེས་ལྗོངས་སོགས་ཀྱིས་གནས་མཇལ་བ་བགྲང་གིས་མི་ལོངས་པའི་ཡིད་སེམས་བཀུག དུས་རབས་18པའི་དུས་མཇུག་ནས་བཟུང་། ཕྱི་རྒྱལ་གྱི་མྱུལ་བརྟག་པ་དང་ལྗོངས་རྒྱུ་བ་རྣམས་དག་ཞིང་འདི་རུ་བཞུད་འགོ་བརྩམས་ཤིང་། ཁོང་ཚོའི་སྨྱུག་རྩེ་ན་ཡུལ་གྲུ་འདིའི་རིག་དངོས་གནའ་ཤུལ་གྱི་བསྐོར་ཐར་ཐོར་བཀོད་ཡོད་མོད། ཚན་རིག་དང་ཆ་ཚང་བའི་སྒོ་ནས་རིག་དངོས་གནའ་རྫས་ལ་བརྟག་དཔྱད་བྱེད་དུས་ནི་དུས་རབས20པའི་ལོ་རབས80པའི་ནང་རེད། ཀྲུང་གོའི་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་བགྲང་བྱ་བཅུ་ཕྲག་རིང་འབད་བརྩོན་བྱས་མཐར། ས་ཁོངས་འདིའི་ས་སྟེང་དང་ས་འོག་གི་ཤུལ་རྫས་མང་པོོ་གསར་རྙེད་བྱུང་། དེ་བས་ལོ་རྒྱུས་ཡིག་ཚང་ཁྲོད་བཀོད་ཡོད་པའི་ཞང་ཞུང་དང་གུ་གེ་རྒྱལ་རབས་ཀྱི་གསང་བའི་སྒོ་རིམ་བཞིན་ཕྱེས་བྱུང་། གནའ་རྫས་རྟོག་ཞིབ་པ་རྣམ་པས་ཡུལ་གྲུ་འདི་རུ་ཕལ་ཆེར་ཧན་ཅིན་དུས་རབས་དང་དུས་མཉམ་ཡིན་པའི་(དུས་རབས2—4)བང་སོ་སྔོག་འདོན་བྱས་ལ། བང་སོའི་ཁྲོད་ནས་ཟངས་ཆས་དང་ལྕགས་ཆས། རྫ་ཆས། ཤིང་ཆས་སོགས་སྣོད་ཆས་སྣ་ཚོགས་སྔོག་འདོན་བྱས། དེའི་ཁྲོད་འགུག་ཤུགས་ཆེས་ཆེ་བ་ནི་བང་སོའི་ཁྲོད་རྒྱ་ཡིག་གི་ཝང་ཧོའུ་སྟེ་རྒྱལ་བློན་ཞེས་པའི་ཡིག་འབྲུ་གཉིས་བརྐོས་ཡོད་པའི་དར་གོས་གསར་རྙེད་བྱུང་བ་དང་། དེ་དང་མཉམ་དུ་གསར་རྙེད་བྱུང་བའི་གསེར་གྱི་ཞལ་འབག་གིས་བང་སོའི་བདག་པོ་ས་གནས་གྱི་མཐོ་རིམ་སྐུ་དྲག་གམ་ཡང་ན་ཚོ་དཔོན་ཡིན་པའི་ཐོབ་ཐང་མཚོན་ཐུབ། སྔོན་ཆད་ལི་ཡུལ་དུ་ཡང་ཧུའུ་ཝང་ཞེས་པའི་ཡིག་འབྲུ་གཉིས་བཙག་ཡོད་པའི་དར་གོས་གསར་རྙེད་བྱུང་ལ། སྤྱིར་ན་རིག་གཞུང་པའི་སྡེ་ཡིས་བཙག་དྲུབ་དེ་ནི་ཀྲུང་ཡོན་གྱི་རྒྱལ་སྲིད་དབང་སྒྱུར་པས་མཐའ་མཚམས་ས་ཁུལ་གྱི་མཐོ་རིམ་དབང་སྒྱུར་པ་ལ་ཆེད་དུ་བསྩལ་བའི་གསོལ་རས་ཡིན་པར་ངོས་འཛིན་བཞིན་ཡོད། ལྷག་པར་སྤྲོ་བ་ལྡན་པ་ནི་བང་སོ་ལ་ལའི་ནང་དུ་ཟངས་ཆས་དང་ཤིང་གཞོང་དུ་ཇ་ལོ་བཞག་ཡོད་ལ། གསལ་འབྱེད་བྱས་མཐར་དེ་དག་ལོ་ངོ་1800ཡས་མས་སྔོན་གྱི་རེད། དར་གོས་དང་གསེར་འབག ཇ་ལོ་ནི་རྒྱས་སྤྲོས་ཀྱི་སྤྱོད་ཆས་ཡིན། དར་གོས་ཚོང་ལམ་བརྒྱུད་ནས་གངས་གཡའ་མཚོ་གསུམ་གྱིས་བསྐོར་བའི་རྒྱལ་ཁམས་འདི་རུ་ནང་འདྲེན་བྱས་ལ། ས་གནས་མི་དྲག་གི་ཆེད་སྤྱོད་དངོས་རྫས་སུ་གྱུར། བང་སོའི་ཉེ་ལོགས་ནས་ད་དུང་མཁར་རྫོང་ཆེ་གྲས་དང་རྡོའི་བང་སོ་ཆེན་པོ། གཞི་ཁྱོན་ཆེ་བའི་ཤུལ་བཞག་སྡོད་གནས་(རྩིག་རྨང་དང་སྦྲ་གུར་ཤུལ་ལུས།)གསར་རྙེད་བྱུང་། དེ་དག་གིས་སྐབས་དེའི་ས་གནས་དེ་གའི་ཧ་ཅང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་གནས་བབ་གསལ་པོར་མངོན་ཡོད་ལ། གནའ་རབས་ཨེ་ཤ་ཡའི་དབུས་ཁུལ་དང་བྱང་ཐང་འབྲོག་ཁུལ་གྱི་ས་བབ་དང་རིགས་འདྲའི་ཁྱད་ཆོས་ལྡན་པས། ཆེད་མཁས་པ་རེ་རེས་འབྲེལ་ཡོད་ཡིག་ཆའི་ཁྲོད་ཀྱི་ཞང་ཞུང་རྒྱལ་རབས་དང་འབྲེལ་བ་བྱས་ནས། དེ་བཙན་པོའི་རྒྱལ་རབས་སིལ་བུ་འཐོར་རྗེས་དང་ཞང་ཞུང་རྒྱལ་རབས་སྔོན་གྱི་རྟོག་ཞིབ་གནའ་རྫས་ཀྱི་ཁོངས་སུ་བཞག་ནས་དཔྱད་བཞིན་ཡོད། བཙན་པོའི་རྒྱལ་རབས་འཐོར་རྗེས། བཙན་པོའི་གདུང་རྒྱུད་ཀྱིས་མངའ་རིས་ནས་བཙུགས་པའི་གུ་གེ་རྒྱལ་རབས་བོད་ཡུལ་ནུབ་རྒྱུད་ཀྱི་ཆབ་སྲིད་དབང་སྒྱུར་ལྟེ་གནས་དང་ནང་བསྟན་རིག་གནས་ལྟེ་གནས་སུ་གྱུར་ལ། དུས་རབས་17པའི་བར་དུ་དབང་བསྒྱུར་བྱས། དུས་སྐབས་དེའི་ཆེས་འོད་སྟོང་བཀྲ་བའི་ལོ་རྒྱུས་ཀྱི་ཤུལ་བཞག་ནི་ད་ལྟའི་མངའ་རིས་གླང་ཆེན་ཁ་འབབ་ཆུ་རྒྱུད་ཀྱི་ནང་བསྟན་གནའ་ཤུལ་ཏེ་དགོན་སྡེ་དང་སྒྲུབ་ཁང། གང་སར་བཞེངས་པའི་མཆོད་རྟེན་དང་ཆོས་འཁོར་སོགས་རེད།
གནའ་རྫས་རྟོག་ཞིབ་པས་རྟོག་ཞིབ་གནང་བཞིན་པ།

གནའ་བོའི་ལྡེབས་རིས།

མཁར་ཤུལ།

གསེར་གྱི་གདོང་འབག

        དེའི་ཁྲོད། ཧ་ཅང་གལ་ཆེ་བའི་གསར་རྙེད་གནའ་རྫས་ནི་རྩ་མདའ་རྫོང་ཁོངས་ཀྱི་གུ་གེ་རྒྱལ་རབས་ཀྱི་རྒྱལ་ས་མཐོ་ལྡིང་དགོན་པ་དང་། གླང་ཆེན་ཁ་འབབ་བྱང་རྒྱུད་ཀྱི་ཕེ་དབང་དུང་དཀར་གནའ་ཤུལ་རེད། གནས་མཆོག་འདི་གར་བྲག་བརྐོས་དང་དགོན་ཤུལ། མཆོད་རྟེན་ཆེ་མ་ཆུང་གསུམ་གྱིས་གང་སར་ཁྱབ་ཡོད། ཚོན་མདོག་སྣ་ལྔའི་ལྡེབས་རིས་དང་ཚོན་བྱུགས་འཇིམ་སྐུ་ཡིས་འཇིག་རྟེན་སྐྱེ་བོ་ཀུན་ལ་ཆོས་ཀྱི་རྒྱལ་ཁམས་ཞིག་གི་གཟི་བྱིན་ངོམས་བྱུང་ལ། ཕྱི་རྒྱལ་གྱི་ཆེད་མཁས་པས་མཐོ་སྒང་གི་ཏུན་ཧུང་ཞེས་པའི་སྙན་གྲགས་ཀྱིས་མཆོད། མིག་སྔར། མངའ་རིས་ཀྱི་གནའ་རྫས་རྟོག་ཞིབ་ལས་ཀ་སྔར་བཞིན་སྤེལ་བཞིན་ཡོད་ལ། མུ་མཐུད་དུ་ཤུལ་རྫས་གསར་རྙེད་བྱུང་ཐུབ་པའི་རེ་ལྟོས་ཆེན་པོ་ཡོད་པས། ང་ཚོ་ལ་བོད་ཀྱི་ལོ་རྒྱུས་སྟེང་གི་ཞང་ཞུང་རྒྱལ་རབས་དང་གུ་གེ་རྒྱལ་རབས་ཀྱི་ངོ་མཚར་བའི་རྣམ་པ་གསར་རྟོགས་འབྱུང་བའི་རེ་བ་བཅངས་ཡོད། །
རྒྱ་ནག་ལས་ཐོན་པའི་དར་གོས།

གུ་གེ་གནའ་ཤུལ་གྱི་ཕོ་བྲང་ནང་གི་ལྡེབས་རིས། 

དམག་ཆས།

རྒྱན་ཆས།


རྡོ་དུར་གྱི་གནའ་ཤུལ།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1