ཀྲུང་གོ་དང་མ་ལེ་ཤི་ཡའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ40འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གོ་དང་མ་ལེ་ཤི་ཡའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་སྤྱི་ཚེས༣༡ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་པ་རེད།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་མ་ལེ་ཤི་ཡའི་ཙུང་ལི་རྣ་ཅེ་པུ་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད།
        ལི་ཁེ་ཆང་གིས་གསུང་བཤད་ནང་།དེ་རིང་ནི་ཀྲུང་མའི་མཛའ་འབྲེལ་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དམིགས་བསལ་གྱི་ཉིན་མོ་ཞིག་རེད།ལོ་བཞི་བཅུའི་གོང་གི་དེ་རིང་ཙུང་ལི་ཀྲའུ་ཨེན་ལེ་དང་མ་ལེ་ཤི་ཡའི་ཙུང་ལི་ལྷ་ཀྲ་ཁེས་མཉམ་དུ་ཀྲུང་མའི་མཉམ་འབྲེལ་སྤྱི་བསྒྲགས་ལ་མཚན་རྟགས་བཀོད་པ་དང་།མ་ལེ་ཤི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁྲོད་ཀྲུང་གོའིི་བར་ཕྱི་འབྲེལ་སྔ་ཤོས་བཙུགས་པ་དང་།ཀྲུང་མའི་འབྲེལ་བའི་གོང་འཕེལ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཕྱེ་ཡོད་ཅེས་གསུངས་འདུག
        ལི་ཁེ་ཆང་གིས་ལོ་བཞི་བཅུའི་ནང་ཀྲུང་གོ་དང་མ་ལེ་ཤི་ཡའི་འབྲེལ་བ་ལས་རབ་ཏུ་ཕྱུག་པའི་གསོན་ཤུགས་དང་ཟད་པ་མེད་པའི་སྒུལ་ཤུགས་མངོན་ཡོད་ཅིང་།ཁྱོན་ཡོངས་དང་།བརྟན་པོ།དངོས་སྒྲུབ་བཅས་ཀྱི་འཕེལ་ལམ་ཐོག་གོམ་སྟབས་སྤོས་ཡོད།རྒྱལ་ཁབ་གཉིས་པོས་ཕན་ཚུན་ཆབ་སྲིད་ཐད་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་།ཕྱོགས་གཉིས་པོའི་ཉོ་ཚོང་བསྡོམ་འབོར་ཨ་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་བ།མི་སྣའི་འགྲོ་འོང་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད་ཅེས་གསུངས་འདུག
        ལི་ཁེ་ཆང་གིས་ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་རྣ་ཅེ་པུས་གྲུབ་འབྲས་ཀྱིས་ཕྱུག་པའི་མཇལ་འཕྲད་གནང་ཡོད།ད་རེས་ཀྱི་འཚམས་འདྲིའི་ནང་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ཡོད་པ་དང་།མ་འོངས་པར་ཀྲུང་གོ་དང་མ་ལེ་ཤི་ཡའི་བང་རིམ་ཁག་གི་སྤེལ་རེས་ལ་ཤུགས་སྣོན་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་འཆར་འགོད་གནང་ཡོད་ཅེས་གསུངས་འདུག
        ལི་ཁེ་ཆང་གིས་ཀྲུང་གོ་དང་མ་ལེ་ཤི་ཡའི་འབྲེལ་བས་དྲག་ཆར་རླུང་འཚུབ་མང་པོ་བརྒྱུད་ཡོད་པ་དང་།ཉིན་བཞིན་འཐུས་ཆ་ཚང་དུ་འགྲོ་བཞིན་ཡོད།མ་ལེ་ཤི་ཡའི་འགྲུལ་སྐྱེལ་གནམ་གྲུ་འབྲེལ་ཐག་ཆད་པའི་དོན་རྐྱེན་ཐོན་རྗེས་ཀྲུང་གོའི་ཕྱོགས་ཁག་ནས་འབྲེལ་གཏུགས་དམ་ཟབ་བྱས་ཡོད་པ་དང་།ཐོག་མཐའ་བར་གསུམ་དུ་འཚོལ་བཤེར་མཚམས་འཇོག་བྱས་མེད་པ།དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་ཐད་མཐོང་ཆེན་པོ་བྱས་ཡོད།ཀྲུང་གོས་མ་ལེ་ཤི་ཡ་དང་ལག་གདང་དཔུང་སྦྲེལ་གྱིས་མུ་མཐུད་འབྲེལ་ཐག་ཆད་པའི་གནམ་གྲུ་འཚོལ་བཤེར་བྱ་རྒྱུ་དང་།འབྲེལ་ཡོད་རྗེས་འཇུག་བྱ་དོན་ཡག་པོ་སྒྲུབ་ནས།མ་ལེ་ཤི་ཡ་དང་ཀྲུང་གོའི་འབྲེལ་བ་དང་མཛའ་བཤེས་ཀྱིས་ཚོད་བགམ་ཐེག་ཐུབ་པ་བྱེད་འདོད་ཡོད་ཅེས་གསུངས་འདུག
        རྣ་ཅི་པུས་གསུང་བཤད་གནང་སྐབས།ལོ་བཞི་བཅུའི་གོང་ངའི་ཡབ་ཙུང་ལི་ལྷ་ཀྲ་ཁེས་ཀྲུང་གོར་འཚམས་འདྲིར་ཕེབས་ནས་མཛའ་འབྲེལ་གྱི་ས་བོན་བཏབ་གནང་བ་དང་།རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་མ་ཀྲུང་འབྲེལ་བའི་དུས་རབས་གསར་པ་གཏོད་ཡོད།ལོ་བཞི་བཅུའི་ནང་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོགམ་ཀྲུང་མཛའ་འབྲེལ་གྱིས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཅིང་།མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་།རྒྱལ་ཁབ་གཉིས་པོའི་མི་དམངས་ལའང་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད།མ་ལེ་ཤི་ཡས་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།ཀྲུང་གོ་སྲིད་གཞུང་གིས་དོན་རྐྱེན་ཐག་གཅོད་བརྒྱུད་རིམ་ནང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།མ་ལེ་ཤི་ཡ་ཕྱོགས་ནས་གང་ཐུབ་ཅི་ཐུབ་ཀྱིས་མུ་མཐུད་འཚོལ་བཤེར་ལས་དོན་སྒྲུབ་རྒྱུ་དང་།རྗེས་འཇུག་གི་ལས་ཀ་ཡག་པོ་བྱ་རྒྱུ་ཡིན།མ་ཀྲུང་མཛའ་འབྲེལ་གྱིས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐོགསླད་སྔར་བས་བརྟན་པ་དང་ཟབ་པར་འགྱུར་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག
        དེ་རྗེས་ཙུང་ལི་ལི་ཁེ་ཆང་དང་རྣ་ཅི་པུས་ཀྲུང་གོ་དང་མ་ལེ་ཤི་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་མཉམ་འབྲེལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་པ་དང་།རྒྱལ་ཁབ་གཉིས་པོའི་ཙུང་ལིས་ད་དུང་ཀྲུང་མའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་དྲན་རྟེན་དངུལ་དང་ཉིན་དང་པོའི་ཡིག་ཁུག་འབུལ་རེས་གནང་བ་རེད།
ཉིན་དེར་རྒྱལ་ཁབ་གཉིས་པོའི་ཙུང་ལིས་ད་དུང་ཀྲུང་གོ་དང་མ་ལེ་ཤི་ཡའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་གཏོང་རེས་གནང་བ་དང་།རྒྱལ་ཁབ་གཉིས་པོའི་ལོ་བཞི་བཅུའི་འབྲེལ་བའི་འཕེལ་རིམ་ལ་གདེང་འཇོག་གང་ལེགས་གནང་བ་དང་།སླད་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་མ་ལེ་ཤི་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་བ་བྱེད་འདོད་ཡོད་ཅེས་གསུངས་འདུག  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1