༄༅།། ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་ཤེས་འཕྲོད་བསྟེན་སྐོར་ལས་ཕོ་བའི་ནད་འབྱུང་བའི་རྒྱུ་རྐྱེན་དང་ཕོ་བ་བདེ་སྲུང་བྱེད་ཐབས།

ཨོ་རྒྱན་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-09



        དེང་གི་དུས་འདིར་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་འཚོ་བ་སྤྱོད་ཚུལ་སྔར་དང་མི་འདྲ་བ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། དེ་དང་ཆབས་གཅིག་ཏུ་ལུས་ཁམས་བདེ་ཐང་གི་གནས་སྟངས་ལ་འགྱུར་ལྡོག་ཕྱིན་ནས་ནད་རིགས་མང་པོ་ཞིག་ཀྱང་འབྱུང་བཞིན་ཡོད། གླེང་གཞི་འདིའི་ནང་དུ་དུས་རྒྱུན་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ལུས་ཁམས་བདེ་ཐང་སྐོར་གྱི་རྒྱུན་ཤེས་ཕྲན་བུ་སྟེ་ཕོ་བའི་ནད་འབྱུང་བའི་རྒྱུ་རྐྱེན་དང་ཕོ་བའི་བདེ་སྲུང་བྱེད་ཐབས་སྐོར་ཡིན། དེང་དུས་ཞིང་འབྲོག་ཁུལ་དུ་ཕོ་བའི་ནད་ནི་ཤིན་ཏུ་མང་བའི་ནད་རིགས་ཤིག་ཡིན་པ་སྟེ་རྒྱུན་མཐོང་གི་ནད་རིགས་ཀྱི་ཁོངས་གཏོགས་ཤིག་ཀྱང་ཡིན། མིག་སྔར་རྒྱལ་ནང་དུ་ནད་འདིའི་འབྱུང་ཚད་87%ལ་ཟིན་ཡོད་པ་དང་། སྨན་བཅོས་སངས་དྲག་གི་ཚད་14%ཙམ་ལས་ཟིན་མེད། དམངས་ཁྲོད་དུ་མི་བཅུ་ཡི་ནང་དུ་ཕོ་ནད་ཅན་དགུ་ཡོད་ཅེས་ཀྱང་བཤད་སྲོལ་ཡོད། ད་ལམ་འདིར་བོད་ཀྱི་གསོ་བ་རིག་པའི་གཞུང་དང་། དེང་དུས་འཚོ་བ་དངོས། རང་ངོས་མྱོང་ཚོར་བཅས་ཟུང་སྦྲེལ་གྱི་སྒོ་ནས་ཕོ་བའི་ངོས་འཛིན་དང་བྱེད་ལས། དེང་གི་བཟའ་བཅའི་རིགས་དང། དེང་གི་བཏུང་བྱའི་རིགས། དེང་གི་ཟས་སྐོམ་བསྟེན་ཚུལ་རིགས། དེང་གི་གཟེར་འཇོམས་སྨན་རིགས་བསྟེན་ཚུལ་སོགས་མདོར་ན་དེང་གི་འཚོ་བའི་སྤྱོད་སྟངས་ཀྱིས་ཕོ་བའི་ནད་རིགས་སློང་ཚུལ་ལ་ནང་དོན་རྣམ་པ་ལྔ་ཡི་སྒོ་ནས་བརྗོད་ཡོད།
དང་པོ། ཕོ་བའི་ངོས་འཛིན་དང་བྱེད་ལས་བཤད་པ།
        དེ་ཡང་བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན་ཕོ་བ་ནི་བྲང་དཀྱིལ་ལྷེན་སྣའི་རྩེ་ནས་ཐུར་དུ་ལྟེ་བའི་དབར་ཐིག་གདབ་པས་གོང་འོག་སོར་བརྒྱད་དང་གཡས་གཡོན་སོར་བཅུ་གཉིས་ནི་ཕོ་བའི་ཡུལ་ཡིན་པ་དང་། ཕོ་བ་ནི་བཟའ་བཏུང་ཐམས་ཅད་ཀྱི་ཟས་སྣོད་ཡིན་པས་ཟས་སྐོམ་གང་བཟའ་བཏུང་བྱས་པ་ཐམས་ཅད་ཐོག་མར་ཕོ་བའི་ནང་དུ་སོང་ནས་མྱག་བཞུ་དང་དྭངས་སྙིགས་ལེན་རྗེས་འོག་གི་རྒྱུ་མའི་ནང་དུ་མར་འཕོ་བས་ཕོ་བ་ཞེས་བཤད་པ་ཡིན། དེར་བརྟེན་ཟས་སྐོམ་ལེགས་ཉེས་ཀྱིས་ཐོག་མར་ཕོ་བའི་ནད་གཞི་སློང་གི་ཡོད་པ་ཡང་རྟོགས་སླའོ། 
གཉིས་པ། དེང་གི་ཟས་རིགས་ཀྱིས་ཕོ་བར་གནོད་ཚུལ།
        བོད་ཀྱི་གསོ་བ་རིག་པའི་གཞུང་ནང་དུ་སྤྱིར་ན་ནད་རིགས་ཐམས་ཅད་སློང་བའི་རྐྱེན་དུས་གདོན་ཟས་སྤྱོད་བཞི་ལས་མ་འདས་པ་མེད། དུས་གདོན་གཉིས་ནི་མི་སོ་སོ་ལ་སྤང་བླང་གི་རང་དབང་མེད་ལ། ཟས་སྤྱོད་གཉིས་ནི་རང་དབང་ཡོད་པ་ཡིན། རྒྱུད་ལས། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤངས། །ཞེས་གསུངས་པས་ཟས་སྤྱོད་ཚུལ་བཞིན་བསྟེན་ན་ལུས་ཁམས་བདེ་ཐང་དུ་གནས་ལ་དེ་དམན་ལྷག་ལོག་པ་གྱུར་ན་མི་ཡི་ཚེ་སྲོག་ལ་ཐད་ཀར་གནོད་པར་འབྱུང་གི་ཡོད་པ་རེད། བོད་ཀྱི་དམངས་ཁྲོད་དུ། མི་ནད་ཐམས་ཅད་ཟས་ནད། རྟ་ནད་ཐམས་ཅད་རྒྱུགས་ནད། །ཅེས་བཤད་སྲོལ་ཡོད་པ་བཞིན་ཟས་རིགས་ཚུལ་བཞིན་མ་བསྟེན་པས་ནད་སློང་ཚུལ་སྔ་མོ་ནས་གསལ་པོར་བརྗོད་ཡོད། བོད་ཀྱི་སྔ་སྲོལ་གྱི་འཚོ་བའི་རྟེན་གཞི་ནི་གཙོ་བོ་འབྲུ་རིགས་གྲོ་ནས་བྲ་བོ་དང་། སྣུམ་རིགས་རྩི་མར་དང་འབྲུ་མར། ཤ་རིགས་ནོར་དང་ར་ལུག་གི་ཤ སྔོ་རིགས་ཟྭ་དང་ལྕམ་པ་ལ་ཕུག་ཉུང་མ་སོགས་རང་བྱུང་ལས་བྱུང་བའི་ཟས་རིགས་ཤ་སྟག་བསྟེན་གྱི་ཡོད་པ་རེད། དེ་དག་ཀྱང་བཙོས་ནས་གཡོས་སྦྱོར་བྱས་པ་ཡིན་ལ་རྗེན་པ་ཟ་བའི་ལུགས་སྲོལ་ཉུང་བའོ། དེང་དུས་ནི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་སྟེ། རང་ཡུལ་གྱི་འཚོ་བའི་རྟེན་གཞི་ཕུད་དེང་སང་རྒྱ་དཀར་ནག་གི་བཟོ་གྲྭ་ནས་འབྱུང་བའི་དེང་རབས་ཀྱི་ཟས་རིགས་ལ་རོལ་གྱི་ཡོད་པ་རེད། ཟས་རིགས་དེ་དག་ནི་མང་ཆེ་བ་ཐུམ་སྒྲིལ་(包装)རྒྱག་པ་ཤ་སྟག་ཡིན་པས་དེའི་ནང་རུལ་སུངས་འགོག་རྫས་ཡོད་པ་རེད། དཔེར་ན། རྒྱ་ཁོག་(火锅)གི་ཚལ་རིགས་མང་པོ་ཞིག་དང་མགྱོགས་ཐུག་བསྙལ་ཚལ་སོགས་ནི་རུལ་སུངས་འགོག་རྫས་ཤུགས་ཆེན་རྒྱག་ཡོད་པས། ཟས་རིགས་དེ་དག་སྐབས་རེ་ཙམ་བསྟེན་ན་གནོད་པ་ཆེར་མེད་རུང་། རྒྱུན་པར་བསྟེན་དྲགས་ན་ལུས་སྤྱི་ལ་གནོད་པ་དང་དེའི་ནང་དུ་ཁ་ཚ་བ་དང་སྐྱུར་པོའི་རིགས་ཀྱིས་ཕོ་བའི་ནང་སྐྱི་ལ་ཐད་ཀར་ཕོག་ཐུག་སོང་ནས་གནོད་པ་ཆེན་པོར་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་ཟ་མ་རྗེན་པའི་རིགས་དང་བཙོག་པའི་རིགས། བསྲེག་ཟས(烧烤类)རིགས། མ་འཚོས་པ། གྲང་མོའི་རིགས། རུལ་སུངས་སུ་གྱུར་པ། མཁྲེགས་པོའི་རིགས་སོགས་ནི་འཇུ་དཀའ་བའི་རིགས་ཡིན་པས་བསྟེན་དྲགས་ན་ཐོག་མར་ཕོ་བ་ལ་གནོད་ཚབས་ཆེན་པོ་བྱེད་ཀྱི་ཡོད། མ་གོམས་པའི་ཟས་རིགས་གློ་བུར་དུ་ཟ་ཆེ་དྲག་ན་ཡང་ཕོ་བ་ལ་གནོད་པ་ཆེ། 
གསུམ་པ། དེང་གི་བཏུང་བྱའི་རིགས་ཀྱིས་ཕོ་བར་གནོད་ཚུལ།
        བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་རྒྱུད་བཞིའི་ནང་དུ་བཏུང་བ་འོ་མ་ཆུ་དང་ཆང་ལ་སོགས་ཞེས་གསུངས་པས་བོད་དུ་སྲོལ་རྒྱུན་གྱི་བཏུང་བ་ནི་ཆུ་ཁོལ་དང་འོ་མ་ཇ་ཆང་སོགས་ཡིན། ཆང་ལ་ཡང་ཆུ་ཁོལ་གྲང་མོའི་ཆུ་རྒྱག་པ་ཡིན་པས། བོད་ལ་ཆུ་གྲང་དང་ཇ་འཁྱགས་བཏུང་བའི་སྲོལ་དཀོན། གཏམ་དཔེ་ལ། ཇ་འཁྱགས་འཐུང་ན་ཕོ་བ་ན། །ས་འཁྱགས་སྟེང་ནས་གྲང་གཞི་འཕར། །ཞེས་བཤད་སྲོལ་ཀྱང་ཡོད། དེང་སང་ནི་བཟོ་གྲྭ་ནས་དར་བའི་བཏུང་བ་མངར་སྐྱུར་རིགས་དང། སྦི་རག་དང་ཨ་རག་རིགས་འདྲ་མིན་སྣ་ཚོགས་དང་གཏེར་ཆུ་འདྲ་མིན་སྣ་ཚོགས་ལ་རུལ་སུངས་འགོག་རྫས་ཤུགས་ཆེར་རྒྱག་ཡོད་པ་དང་ཆུ་གྲང་རྗེན་པའི་རིགས་ཁོ་ན་བཏུང་གི་ཡོད་པས། དེ་རིགས་བསྟེན་དྲགས་ན་འཇུ་དཀའ་བས་ཕོ་བ་ལ་ཤིན་ཏུ་གནོད་པ་ཆེ། ལྷག་པར་དུ་རང་གིས་མྱོང་ཚོར་ལ་དེང་དུས་རྒྱ་ཁོག་དང་། དེ་བཞིན་ཤ་བསྲེག་རིགས་དང་མཉམ་དུ་སྦི་རག་བཏུང་བར་དགའ་མཁན་ལ་ཕོ་བའི་ནད་གཞི་མང་བ་མ་ཚད་ཕོ་བ་སྨུག་པོའི་ནད་དང་ཕོ་བའི་འབྲས་སྐྲན་རིགས་ཀྱང་འབྱུང་གི་འདུག 
བཞི་པ། དེང་གི་ཟས་སྐོམ་བསྟེན་ཚུལ་གྱིས་ཕོ་བར་གནོད་ཚུལ།
1 ཞོགས་ཟས་མི་ཟ་བའི་རིགས།
        དེང་དུས་ཞོགས་ཉལ་ལ་སྤྲོ་བའི་དར་མ་དང་ན་གཞོན་ཁག་ཅིག་གིས་ཞོགས་ཟས་ལ་དགའ་པོ་མེད་པ་དང་། ཁག་ཅིག་ནི་གྲོ་ཐུག་དང་འབྲས་ཐུག་མོག་མོག་སོགས་མེད་ན་བོད་ཀྱི་སྦྲང་དཀར་རྩམ་པ་ལ་དགའ་པོ་མེད་པས་ཞོགས་ཟས་ཟ་བའི་སྲོལ་མེད། དེ་ལྟར་དུས་ཡུན་རིང་པོར་འགོར་སོང་ན་ཕོ་བའི་ནང་ཟ་མ་འཇུ་རྒྱུ་མེད་པས་ནང་སྐྱི་ལ་གནོད་པ་བྱུང་ནས་ཕོ་བའི་ནད་རྟགས་མངོན་ཡོང་དུས་གནོད་ཚབས་ཆེན་པོར་གྱུར་ཚར་བ་ཡིན། 
2 ཟས་ཚོད་རན་པར་བཟའ་དགོས་ཚུལ།
        ཟ་མ་བཟའ་ཚོད་མང་ཉུང་གིས་ཕོ་བའི་བདེ་ཐང་ལ་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ་སྟེ། བོད་སྨན་གྱི་གཞུང་ནང་དུ། ཕོ་བ་ལ་ཆ་བཞི་བགོས་ཡོད་པ་ལས་བཟའ་བཏུང་བསྟེན་པའི་སྐབས་སུ་ཕོ་བའི་ཆ་གཉིས་ཟས་ཀྱིས་བསྐང་དགོས་པ་དང་། ཆ་གཅིག་བཏུང་བྱའི་རིགས་ཀྱིས་བསྐང་དགོས་པ། ཆ་བཞི་པ་ནི་རླུང་རྒྱུ་བའི་གནས་སུ་བཞག་ན་ཟས་འཇུ་བའི་གྲོགས་བྱེད་པ་ཡིན་ཞེས་གསུངས་པ་བཞིན་བཟའ་བཅའི་རིགས་ལྕེ་རྩེའི་སྟེང་དུ་ཞིམ་བཙོག་དང་ཕོ་བ་རྒྱགས་མིན་ལ་མ་ལྟོས་པར་ཉིན་གཅིག་ལ་ཟས་དུས་གསུམ་དང་ཟས་ཚོད་གོང་ལྟར་རན་པར་བཟའ་དགོས་པ་དང་ཟས་ཀྱི་དྲོད་ཚད་ཚ་གྲང་ཡང་རན་པ་དགོས། དེ་ལྟར་མ་ཡིན་པར་བཟའ་ཆེ་དྲགས་པ་དང་ལྟོགས་དྲགས་པར་ཡིན་ན་ཕོ་བ་ལ་ཤིན་ཏུ་གནོད་པ་ཡིན་ནོ། 
3 ཐ་མག་འཐེན་པས་ཕོ་བར་གནོད་ཚུལ།
        ཐ་མག་འཐེན་ན་ལུས་པོ་སྤྱི་ལ་ཤིན་ཏུ་གནོད་པ་མ་ཚད། ནད་རིགས་ཁག་ཅིག་གི་སློང་རྐྱེན་ཡང་བྱེད་ཀྱི་ཡོད་པ་རེད། དཔེར་ན། གློ་བའི་ནད་དང་ཁྲག་རླུང་ནད། ཁྲག་རྩ་མཁྲེགས་པོའི་ནད། སྙིང་ནད་སོགས་འབྱུང་རྐྱེན་བྱེད་ཀྱི་ཡོད། འོན་ཀྱང་ཐ་མག་འཐེན་པས་ཕོ་བ་ལ་གནོད་པ་ཡོད་པ་ཤེས་མཁན་ཉུང་། དེང་རབས་གསོ་རིག་གིས་བཤད་པ་ལྟར་ན་ཐ་མག་འཐེན་པའི་བརྒྱུད་རིམ་ནང་བུངས་མང་བའི་དབྱང་གཉིས་ཐཱན་རྫས(二氧化碳)ཞེས་པ་ཕོ་བའི་ནང་དུ་སོང་ནས་ཕོ་བ་དུད་རླངས་མང་པོས་ཁེངས་ཏེ་ཕོ་བའི་གནོན་ཤུགས་ཆེ་རུ་ཕྱིན་པས་ཕོ་བར་གནོད་སྐྱོན་ཆེན་པོ་འབྱུང་བ་ཡིན་ཞེས་བརྗོད་ཡོད། 
ལྔ་པ། དེང་དུས་གཟེར་འཇོམས་སྨན་བསྟེན་དྲགས་པས་ཕོ་བར་གནོད་ཚུལ།
        དེང་དུས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གཟེར་འཇོམས་སྨན་རིགས་ནི་མགོ་སྐྱོར་(头痛粉)དང་ཨན་ནན་ཅིས་(安乃近)ཨ་སི་ཕིང་ལིང་(阿司匹林)ཧྥིན་པིའི་ལྡེ(芬必得)སོགས་རེད། སྤྱིར་ན་སྨན་འདི་དག་ནི་གཞུང་སྨན་ཁང་དུ་གང་མོས་ཀྱིས་མང་པོ་བཙོང་ཆོག་གི་མེད། འོན་ཀྱང་སྒེར་གྱི་སྨན་ཚོང་ཁང་གིས་ཁེ་ཚོང་ཆེད་བོད་ཁུལ་དུ་དམིགས་གསལ་གྱིས་མང་པོ་བཙོང་གི་ཡོད་པ་རེད། བོད་ཀྱི་ཞིང་འབྲོག་ཁུལ་དུ་མགོ་གཟེར་བ་དང་རིག་པ་མི་དྭངས་བ། དྲེག་དང་གྲུམ་བུས་ཚིགས་གཟེར་བ་སོགས་ཀྱིས་ལོ་དང་ཟླ་བ་བྱས་ནས་མང་པོ་ཟ་བཞིན་ཡོད་པ་རེད། ཁག་ཅིག་གིས་སྨན་པའི་ངག་ལ་མི་ཉན་པར་ཟ་མ་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ནས་ཉིན་གཅིག་ལ་ཐེངས་10ནས་15གཡས་གཡོན་ཟ་བ་དང་། ཆོས་གྲོགས་དང་ལས་གྲོགས་ཕན་ཚུན་ལག་རྟགས་ཀྱི་ཚུལ་དུ་སྤྲོད་རེས་བྱས་ནས་གཏོང་གི་འདུག སྨན་དེ་དག་ནི་གཙོ་བོ་གཟེར་ཟུག་ཡོད་དོ་ཅོག་ལ་གཟེར་འཇོམས་ཀྱི་སྨན་ཡིན་པ་ལས་ནད་རིགས་དེ་དང་འདི་ཡི་སྨན་ཡིན་ཞེས་པ་མིན། སྨན་དེ་དག་ལ་ཁཱ་ཧྥེའི་དབྱིན་(咖啡因)ཞེས་པའི་གྲུབ་ཆ་ཡོད་པས་བཏང་ཆེ་དྲགས་ན་གོམས་ལོབས་སུ་གྱུར་ནས་དུས་རྒྱུན་བཟའ་དགོས་པ་ཆགས་བཞིན་ཡོད། དེ་བཞིན་ལུས་དོན་སྣོད་ཡོངས་ལ་གནོད་ཀྱི་ཡོད། ལྷག་པར་དུ་ཐད་ཀར་གནོད་ཆེ་བ་ནི་ཕོ་བ་ཡིན་པས་རྒྱུན་པར་ཟ་མཁན་དག་ཕོ་བ་སྨུག་པོའི་ནད་དང་རྒྱུ་མ་སྨུག་པོའི་ནད་རིགས་སོགས་སློང་གི་ཡོད་པ་རེད། ད་ལམ་རང་ཉིད་མཐོང་ཐོས་མྱོང་གསུམ་གྱིས་མང་ཚོགས་ཆེད་དུ་ཕོ་བའི་བདེ་ཐང་གི་ཤེས་བྱ་ཕྲན་བུ་བརྗོད་ཁུལ་བགྱིད་པས་འགལ་འཁྲུལ་ཡོད་པ་ཀུན་སྐྱོན་བརྗོད་ཡོད་པར་ཞུ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1