༄༅།། ར་དུག་རེ་ལྕག

མཁའ་འགྲོ་ཚེ་རིང་གིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-09


         ར་དུག་རེ་ལྕག་ཅེས་པའི་མེ་ཏོག་འདི་ལ་ཡུལ་ཁ་བ་ཅན་གྱི་ཞིང་ཁམས་སུ་མིང་འདོགས་ལུགས་སྣ་ཚོགས་ཤིག་མཆིས་པ་སྟེ། དཔེར་ན་ཨ་ལྕག་རེ་ལྕག་དང་ར་མ་རེ་ལྕག་སོགས་ཟེར་ལ། གཞན་ད་དུང་རྒྱལ་པོ་ལ་ཐོད་ཅན་དང་གནམ་གྱི་རལ་ཆེན་ཞེས་གཟུགས་དང་རྣམ་པའི་ཆ་ནས་བཏགས་པའི་མིང་དང་། བོང་དུག་ནག་པོ་དང་ཡན་ལག་ཁྲག་གཅོད་ཅེས་དགེ་མཚན་དང་བྱེད་ནུས་ཀྱི་ཆ་ནས་བཏགས་པའི་མིང་ཡང་ཡོད། ར་དུག་རེ་ལྕག་གི་རྩ་བ་དང་གཞུང་རྟ་སོགས་ཀྱི་ནང་དུ་དུག་སྣ་འདུས་ཡོད་པས། སྒོ་ཕྱུགས་དང་འབུ་རིགས་སོགས་ཀྱིས་དེ་ལ་གཏོར་བརླག་མི་ཐུབ་པ་དང་། ཚ་གདུག་དང་གྲང་ངར་གྱིས་དེ་ཉིད་གཞོམ་གཞིག་དཀའ་བས། བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཡུལ་ལུང་སོ་སོའི་མཐོན་པོའི་རྫ་རི་དང་ཡངས་པའི་སྤང་ཐང་། ལ་མོའི་སྒང་དང་ཆུ་མོའི་འགྲམ་སོགས་སུ་ཚོ་དང་ཚོ་བྱས་ནས་སྐྱེས་ལ། ཁྱུ་དང་ཁྱུ་དང་བྱས་ནས་བཞད་ཡོད། ཆུང་དུས་སུ། ཁ་བ་བོད་པའི་བུ་ཕྲུག་ཚོས་མེ་ཏོག་འདི་བཏོགས་ནས་མགོ་རྒྱན་དུ་བསླས་པ་དང་འགུལ་རྒྱན་དུ་དཀྲི་བཞིན་ཡོད་པས། དེ་ནི་ལྷད་མེད་ཀྱི་བརྩེ་བ་དང་བློ་གྲོས་ཀྱི་དྭངས་མ་མཚོན་པའི་མེ་ཏོག་ཆུན་པོ་ཞིག་ཡིན་ལ། དེ་ནི་དགའ་སྤྲོ་དང་དགོད་སྒྲས་ཁེངས་པའི་བྱིས་དུས་ཀྱི་དྲན་པ་ཟབ་མོ་ཞིག་ཀྱང་རེད། ཡང་ཁ་དཔེ་ལ་མེ་ཏོག་ཆུང་རུང་ལྷ་རྫས་དང་གུར་གུམ་ཆུང་རུང་སྨན་རྫས་ཞེས་པ་ལྟར། དེ་ཡི་དགེ་མཚན་ནི་རང་སེམས་གསོ་བའི་རྒྱན་ཆ་ཙམ་ཞིག་ག་ལ་ཡིན། འདི་ལ་གངས་ཅན་གསོ་བ་རིག་པའི་སྡེབ་སྦྱོར་སྨན་གྱི་ཁྱབ་ཁོངས་ནང་ནས། རུལ་གཅོད་པ་དང་སྐྲན་བཤིག་པ། འབྲས་འདུལ་བ་སོགས་ཀྱི་བྱེད་ནུས་ལྡན་ཡོད། གཞན་ད་དུང་ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་རང་གི་བློ་གྲོས་དང་ཤེས་རབ་ལ་བརྟེན་ནས་རྐྱེན་ངན་གྲོགས་སུ་བསྐུར་བའི་དཔེ་ལྟར། ར་དུག་རེ་ལྕག་ལ་དུག་གི་ངོ་བོ་ལྡན་རུང་། བཀོལ་ཤེས་ན་སྨན་དུ་འགྱུར་བ་བཞིན། དེ་ལ་བརྟེན་ནས་རུལ་འགོག་དང་འབུ་འགོག་གི་ནུས་པ་ལྡན་པའི་བོད་ཤོག་བཟོ་རྩལ་གསར་དུ་གཏོད་པས། དེ་ནས་བཟུང་རྒྱལ་བའི་བཀའ་དང་བསྟན་བཅོས་མཐའ་དག་པར་དུ་བཏབ་ནས་སོ་སྐྱེས་ཕལ་བ་ཡོངས་ཀྱིས་མཇལ་ཐུབ་པའི་སྐལ་བ་བཟང་པོ་ཞིག་ཚུར་ལ་བསུས་ཤིང་། གངས་ཅན་གཙུག་ལག་རིག་གནས་མཐའ་དག་ཀྱང་དབྱར་གྱི་མཚོ་མོ་བཞིན་རྒྱས་པ་དང་། རི་རབ་ལྷུན་པོ་བཞིན་འཕེལ་བའི་བསྡོངས་གྲོགས་སུའང་འགྱུར་བ་རེད། ། 


རྩོམ་ཡིག་སྔོན་མ།
༄༅།། པདྨ་ཚེ་བརྟན།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1